ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱི་ལིང་དུ་འབྱོར་ནས་དཔྱད་ཞིབ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཚབ་མ་ཧྥེ་ལུའུ་ཐཱ་ཚེས་བརྒྱད་ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་ནས། སྔོན་གྱི་འཆར་གཞི་ལྟར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་དང་། ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི། རྒྱལ་ཁབ་ཀྱི་ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་བཅས་ལ་ཐུག་འཕྲད་བྱེད་རྒྱུ་རེད། 

དབྱི་ལིང་གིས་ཚེས་བདུན་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དོན་ཚན་སྐོར་ཞིག་ལག་བསྟར་བྱེད་མཚམས་བཞག་པ་དང་། འདུས་ཚད་བརྒྱ་ཆའི་ཉི་ཤུ་ལས་བརྒལ་བའི་ཉིང་རྡུལ་འབར་རྫས་ཐོན་སྐྱེད་བྱེད་པའི་ནུས་པ་ལྡན་པ་ཁས་ལེན་བྱས་པར་མ་ཟད། ཞོར་དུ་མུ་མཐུད་དུ་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ལྟ་རྟོག་དང་ལེན་བྱེད་རྒྱུ་ཁས་ལེན་བྱས། 

ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཚབ་མ་ཧྥེ་ལུའུ་ཐཱ་ཏི་ཧེ་ལན་དུ་འབྱོར་བ་དང་། མི་འགྱངས་པར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་། ཉིང་རྡུལ་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་སཱ་ལེ་ཞི། རྒྱལ་ཁབ་ཀྱི་ཆེས་མཐོའི་བདེ་འགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧྲ་མུའུ་ཧཱ་ནེ་བཅས་ལ་ཐུག་འཕྲད་བྱེད་རྒྱུ་རེད། 

རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ལས་འཛིན་པའི་ཐེངས་འདིའི་འཚམས་འདྲི་ནི་དབྱི་ལིང་གི་སྲིད་གཞུང་བར་མུ་མཐུད་དུ་འབྲེལ་འདྲིས་བྱེད་པའི་ཁྱབ་ཁོངས་སུ་གཏོགས་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གཞིར་བཟུང་ནས་དབྱི་ལིང་ལ་དཔྱད་ཞིབ་དང་ལྟ་རྟོག་བྱེད་པའང་འདུས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།