ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐཱ་ལེ་པན་གྱིས་འཁྲུག་རྩོད་མཚམས་བཞག་ནས་ཐད་ཀར་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201909090944230cyO.jpg

ཟླ་དགུ་བའི་ཚེས་བརྒྱད་ཉིན། ཨ་ཧྥུའུ་ཧན་གྱི་ཁཱ་པོར་ནས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཞི་ཏིས་ཅི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཐཱ་ལེ་པན་གྱིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁས་ལེན་བྱས་ནས་ཨ་ཧྥུའུ་ཧན་སྲིད་གཞུང་བར་ཐད་ཀར་གྲོས་མོལ་བྱས་ན། ད་གཟོད་ཞི་བདེ་མངོན་འགྱུར་བྱེད་ཐུབ་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཞི་བདེ་མངོན་འགྱུར་བྱེད་པ་བཀག་རྒྱ་བཟོ་བ་ནི་ཐཱ་ལེ་པན་གྱིས་རྒྱུན་ཆད་མེད་པར་འཐབ་འཁྲུག་དང་དྲག་ཤུགས་ཀྱི་བྱ་སྤྱོད་སྤེལ་བ་དེ་རེད། ཐཱ་ལེ་པན་གྱིས་དམར་འཛིང་མཚམས་བཞག་ཅིང་འཁྲུག་རྩོད་མཚམས་འཇོག་པར་ཁས་ལེན་བྱས་ནས། ཨ་ཧྥུའུ་ཧན་སྲིད་གཞུང་བར་ཐད་ཀར་གྲོས་མོལ་མ་བྱས་ན། ཨ་ཧྥུའུ་ཧན་དུ་ངེས་པ་དོན་གྱི་ཞི་བདེ་མངོན་འགྱུར་བྱེད་ཐབས་མེད་ཟེར། 

ཨ་ཧྥུའུ་ཧན་སྲིད་གཞུང་གིས་བསྟན་དོན། གལ་ཏེ་ཨ་ཧྥུའུ་ཧན་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་མ་ཞུགས་ན། ཞི་བའི་གྲོས་མོལ་གང་ཡིན་ཡང་སྔོན་དཔག་གི་མཇུག་འབྲས་ཐོབ་མི་སྲིད། དེའི་སྔོན་ཨ་མེ་རི་ཁའི་སྲིད་གཞུང་གིས་ཐཱ་ལེ་པན་བར་ཞི་བའི་གྲོས་མོལ་ཐེངས་མང་བྱས་ཏེ། ཕྱོགས་གཉིས་ཀྱིས་གྲོས་མཐུན་འཆར་ཟིན་བཀོད་ཡོད། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་ཨ་མེ་རི་ཁའི་རྒྱབ་སྐྱོར་ལ་བརྟེན་པའི་གཟུགས་བརྙན་ཙམ་ཡིན་པར་བསམ་ནས་ཐད་ཀར་དུ་གྲོས་མོལ་བྱེད་པ་ཁས་ལེན་མ་བྱས། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་མ་སྤེལ་གོང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཐཱ་ལེ་པན་བར་གྱི་ཞི་བའི་གྲོས་མོལ་རྩིས་མེད་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས། ཐི་ལིང་ཕུའུ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཚེས་བརྒྱད་ཉིན་ཏའེ་ཝེ་ཡུན་ནས་སོ་སོར་ཐཱ་ལེ་པན་གྱི་མགོ་ཁྲིད་པ་དང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ལ་གསང་བའི་གྲོས་མོལ་བྱེད་རྒྱུ་གཏན་འཁེལ་བྱས་ཡོད་ཀྱང་། ཐཱ་ལེ་པན་གྱིས་ཁཱ་པོར་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོས་ཏེ་ཨ་མེ་རི་ཁའི་དམག་མི་གཅིག་དང་བཅས་པའི་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བའི་དབང་གིས་ཐཱ་ལེ་པན་གྱི་མགོ་ཁྲིད་པའི་བར་གྱི་གྲོས་མོལ་རྩིས་མེད་དུ་བཏང་བར་མ་ཟད། ཐཱ་ལེ་པན་བར་གྱི་ཞི་བའི་གྲོས་མོལ་ཀྱང་རྩིས་མེད་དུ་བཏང་བ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།