ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བདུན་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་དགོང་མོར་དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་བཀོལ་ནས་ཧཱ་མཱ་སིའི་ཅཱ་ཧྲའི་བྱང་ཕྱོགས་དང་དབུས་ཕྱོགས་སུ་ཡོད་པའི་དམག་དོན་དམིགས་འབེན་མང་བོར་འགས་གཏོར་བཏང་སྟེ། ཉིན་དེར་ཅཱ་ཧྲ་ས་ཁུལ་ནས་ཡོང་བའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ལ་རྒོལ་ལན་སྤྲད་པ་ཡིན་ཟེར། 

ཚེས་བདུན་ཉིན་གྱི་སྔ་དྲོར། མི་བསྡད་མེད་པའི་དྲག་ཆས་གནམ་གྲུ་ཞིག་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕུར་ཡོང་སྟེ། དབྱི་སི་རལ་གྱི་དམག་དོན་རླངས་འཁོར་ཞིག་ལ་འགས་གཏོར་བཏང་། ཕཱ་ལེ་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཅཱ་ཧྲའི་དྲག་ཆས་མི་སྣས་ཐོག་དང་པོར་དབྱི་སི་རལ་དམག་དཔུང་གི་དམིགས་འབེན་ལ་འགད་རྫས་ལྡན་པའི་མི་བསྡད་མེད་པའི་གནམ་གྲུ་མངག་པ་རེད་ཟེར། མིག་སྔའི་བར་དུ་དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ནས་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་གསལ་སྒྲོག་ཅིག་ལས་བསྟན་དོན། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་བཙན་འཛུལ་བྱ་སྤྱོད་ཡོད་ཚད་ལ་འགན་ཁུར་དགོས་པ་དང་། དབྱི་སི་རལ་གྱི་མི་སེར་དཀྱུས་མ་དང་དམག་མིར་གནོད་པ་བཟོ་རྩིས་ཡོད་པའི་གཡོ་ཇུས་གང་ཡིན་ཡང་རྒོལ་ལན་སྤྲོད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།