ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཨ་མེ་རི་ཁའི་བར་གྱི་འཆར་གཞིའི་ཕྱིའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཚེས་བདུན་ཉིན་ཁྱབ་སྒྲོག་བྱས་དོན། སྔོན་ནས་འཆར་གཞི་མེད་པར་ཨ་མེ་རི་ཁ་དང་མཉམ་དུ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྤེལ་བའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཟེར། 

ཏའོ་ཧཱ་རུ་སྡོད་པའི་ཐཱ་ལེ་པན་གྱི་ཆབ་སྲིད་དོན་གཅོད་ཁང་གི་མགྲིན་ཚབ་པ་ཧྲ་ཞིན་གྱིས་ཚེས་བདུན་ཉིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་བརྒྱུད་དེ་རྩོམ་ཡིག་སྤེལ་ནས། ཐཱ་ལེ་པན་དང་ཨ་མེ་རི་ཁའི་འཐུས་མིས་ཚེས་བཞིའི་ཉིན་གྱི་ཞོགས་པའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་སྟེང་གྲོས་མོལ་བྱེད་མགོ་བརྩམས་པ་དང་། ཚེས་ལྔ་ཉིན་གྱི་དགོང་མོར་མཇུག་སྒྲིལ། ཏའོ་ཧཱ་རུ་སྡོད་པའི་ཐཱ་ལེ་པན་གྱི་ཆབ་སྲིད་དོན་གཅོད་ཁང་གི་ཀྲུའུ་རིན་པཱ་ལཱ་ཏཱ་ཨར་དང་དེའི་གྲོས་མོལ་ཚན་ཆུང་། ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་གྱི་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་སྤྱི་མུས་ལེ་བཅས་ཀྱིས་ཐེངས་འདིའི་འཆར་གཞིའི་ཕྱིའི་གྲོས་མོལ་དེ་སྤེལ་བ་རེད་ཟེར། ཡིན་ཡང་ཧྲ་ཞིན་གྱིས་གྲོས་མོལ་གྱི་ནང་དོན་ཞིབ་ཏུ་བརྗོད་མེད།

བསྒྲགས་པ་ལྟར་ན། ཐཱ་ལེ་པན་དང་ཨ་མེ་རི་ཁས་ཟླ་དགུ་བའི་ཚེས་གཅིག་ཉིན་ཏའོ་ཧཱ་ནས་སྐོར་ཐེངས་དགུ་བའི་གྲོས་མོལ་མཇུག་སྒྲིལ་རྗེས། ཧཱ་ལེ་ལེ་ཀྲ་ཏི་ཉིན་དེར་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དུ་སོང་ནས། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ལ་གནས་ཚུལ་སྙན་ཞུ་བྱས། ཧཱ་ལེ་ལེ་ཀྲ་ཏི་ཡིས་ཚེས་གཉིས་ཉིན་ཁཱ་པོར་ནས་ཨ་ཧྥུའུ་ཧན་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་གྲོས་མཐུན་འཆར་ཟིན་གྱི་ནང་དོན་གཙོ་བོར་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་དམག་མི་སྟོང་ལྔ་ཙམ་ཕྱིར་འཐེན་བྱས་ནས་ཨ་མེ་རི་ཁའི་དམག་དཔུང་གི་རྟེན་གཞིའི་སྒོ་བརྒྱབ་སྟེ། ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་བེད་སྤྱད་ཨ་མེ་རི་ཁ་དང་དེའི་མནའ་མཐུན་རྒྱལ་ཁབ་ལ་དཔུང་འཇུག་མི་བྱེད་པར་ཁས་ལེན་བྱེད་དུ་བཅུག་ཡོད། ཡིན་ཡང་ཨ་ཧྥུའུ་ཧན་སྲིད་གཞུང་གིས་གྲོས་མཐུན་འཆར་ཟིན་དེའི་ནང་དོན་ལ་སེམས་ཁུར་བྱེད་བཞིན་ཡོད་ཅིང་། སྔར་ལས་མང་བའི་བརྡ་འཕྲིན་གྱིས་བདེ་འཇགས་ཉེན་ཁར་དཔྱད་འཇོག་བྱེད་དགོས་པར་འདོད། ཧཱ་ལེ་ལེ་ཀྲ་ཏི་དེའི་རྗེས་སུ་གློ་བུར་དུ་ཏའོ་ཧཱ་རུ་ཕྱིར་ལོག་ནས། ཐཱ་ལེ་པན་བར་སྔོན་ནས་འཆར་གཞི་མེད་པའི་གྲོས་མོལ་དེ་སྤེལ་བ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།