ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཨར་སི་ཐི་ལོན་གྱིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་སྲིད་གཞུང་གིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཨར་སི་ཐི་ལོན་གྱིས་དབུ་བཞུགས་བློན་ཆེན་ལེ་ཝུན་ལ་ལས་ཁུར་དགོངས་ཞུའི་རེ་ཞུ་སྤྲད་ཡོད་ཟེར། 

ཝ་ཨར་སི་ཐི་ལོན་གྱིས་བསྟན་དོན། ཁོ་མོས་ལས་ཁུར་དགོངས་ཞུ་བྱེད་པ་ནི་རང་ཉིད་ལ་ཁྱིམ་མི་དང་མཉམ་དུ་སྡོད་པའི་དུས་ཚོད་སྔར་ལས་མང་བ་ཐོབ་འདོད་པས་ཡིན་ཟེར། 

ལེ་ཝུན་གྱིས་ཉིན་དེར་སུའེ་ཏེན་བརྙན་འཕྲིན་ཁང་ལ་བསྐུར་བའི་ཡིག་ཐོག་གི་ཁས་ལེན་ཡི་གེའི་ནང་བཤད་རྒྱུར། ཁོས་ཝ་ཨར་སི་ཐི་ལོན་གྱི་གདམ་གསེས་ལ་བརྩི་འཇོག་བྱེད་པ་དང་། ཚེས་བཅུ་ཉིན་གྲོས་ཚོགས་བསྡུས་ཏེ་ཁོ་མོའི་རྗེས་འཇུག་པའི་འདེམ་སྒུག་མི་སྣར་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན། 

ཝ་ཨ་སི་ཐི་ལོན་གྱིས་ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་སུའེ་ཏེན་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་བ་དང་། ད་ལོའི་ལོ་མགོར་ལེ་ཝུན་སྲིད་གཞུང་གིས་བསྟུད་འགན་ཁུར་རྗེས་ཁོ་མོས་མུ་མཐུད་དུ་ལས་འགན་དེ་ཁུར་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།