ཨུ་རུ་སི་དང་ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཕྱོགས་གསུམ་གྱི་རང་བྱུང་སོལ་རླངས་གྲོས་མོལ་སླར་གསོ་བྱེད་རྒྱུ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞེ་ཧྥུའུ་ཆའོ་ཝེ་ཆི་ཡིས་ཚེས་དྲུག་ཉིན་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཡིས་གྲོས་མཐུན་བཀོད་དེ། ཟླ་འདིར་ཝུའུ་ཁི་ལན་དང་མཉམ་དུ་ཕྱོགས་གསུམ་གྱི་རང་བྱུང་སོལ་རླངས་གྲོས་མོལ་སྤེལ་ནས། ཨུ་རུ་སི་དང་ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཕྱོགས་གསུམ་གྱི་སོལ་རླངས་མཁོ་འདོན་གྱི་གན་རྒྱ་གསར་བར་གྲོས་བསྡུར་བྱེད་པར་ཡིད་འཐད་བྱུང་ཡོད་ལ། མིག་སྔར་འབྲེལ་ཡོད་ཕྱོགས་ཀྱིས་ཆེས་མཇུག་མཐའི་དུས་ཚོད་གཏན་འཁེལ་བྱེད་པར་སྒུག་ཡོད་ཟེར། 

ད་ལྟ་ལག་བསྟར་བྱེད་པའི་ཨུ་རུ་སིའི་ཝུའུ་ཁི་ལན་གྱི་མངའ་ཁོངས་བརྒྱུད་དེ་ཡོ་རོབ་གླིང་མནའ་འབྲེལ་དུ་སོལ་རླངས་ཕྱིར་འདྲེན་བྱེད་པའི་གན་རྒྱའི་ནུས་ལྡན་ཡུན་ཚད་ད་ལོའི་ལོ་མཇུག་བར་ཡིན་པ་རེད། ཨུ་རུ་སི་དང་ཝུའུ་ཁི་ལན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཟླ་དང་པོར་པུའུ་ལུའུ་སེར་ནས་རང་བྱུང་སོལ་རླངས་རྒྱལ་ཁོངས་གཞན་པ་བརྒྱུད་དེ་འདྲེན་པའི་གནད་དོན་ཐད་ནས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་ཡང་གྲོས་མཐུན་འགོད་ཐུབ་མེད། 

ཝུའུ་ཁི་ལན་དང་ཨུ་རུ་སིའི་བར་འདས་པའི་ལོ་མང་བོའི་རིང་ལ་རང་བྱུང་སོལ་རླངས་ཀྱི་རྩོད་གླེང་ཐེངས་མང་བྱུང་མྱོང་བས། ཡོ་རོབ་གླིང་མནའ་འབྲེལ་དུ་སོལ་རླངས་ཕྱིར་འདྲེན་བྱེད་པའི་ཐབས་ལམ་སྣ་མང་ཅན་འཚོལ་ཞིབ་བྱེད་དགོས་ལ། དེ་ནི་ཨུ་རུ་སི་ཡིས་ནམ་རྒྱུན་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཀྱང་ཡིན་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།