དབྱི་རག་དམངས་དམག་དྲག་ཆས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་པ་མི་དམངས་སྐུལ་སློང་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཉིན་དེར་སཱ་ལཱ་ཧི་ཏེན་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མི་དམངས་སྐུལ་སློང་རྩ་འཛུགས་ཀྱིས་ཉིན་དེར་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐིའི་ལྷོ་ནུབ་ཕྱོགས་ཀྱི་ཏུའུ་ཨར་གྲོང་རྡལ་ཉེ་འདབས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་གསུམ་བསད། རྩ་འཛུགས་དེས་ད་རུང་དྲག་ཆས་གྱེན་འཕུར་གནམ་གྲུ་ཞིག་བཀོལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་སྦས་སྐོང་བྱེད་ས་ཞིག་གཏོར་ནས་དྲག་ཆས་ཉེས་ཅན་གཉིས་བསད་ཟེར། 

གཞན་ཡང་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་དཔོན་རིགས་ཤིག་གིས་བཤད་རྒྱུར། མི་དམངས་སྐུལ་སློང་རྩ་འཛུགས་ཀྱི་ཁོངས་མིར་ཚེས་བཞི་ཉིན་གྱི་དགོང་མོར་ཏུའུ་ཨར་གྲོང་རྡལ་ཉེ་འདབས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། མི་གཉིས་ལ་རྨས་ཕོག་པ་དང་། མི་གཅིག་གར་སོང་རྙེད་མེད་ཟེར།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།