ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཨ་མེ་རི་ཁས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་བར་གྲོས་མོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་མཐོ་རིམ་དཔོན་རིགས་ཀྱིས་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ནས་བསྟན་དོན། ཨ་མེ་རི་ཁས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་བར་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་དབུས་ཤར་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གྱི་ལས་རོགས་པ་ཧྲིན་ཁི་ཨར་གྱིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏིའི་ལྷོ་ངོས་ཀྱི་སྤྱི་ལེ་བརྒྱད་ཅུའི་མཚམས་སུ་ཡོད་པའི་དམག་དོན་སྒྲིག་ཆས་ཤིག་ལ་ལྟ་སྐོར་བྱས། ཧྲིན་ཁི་ཨར་གྱིས་དེའི་རྗེས་སུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་ཧུའུ་སེ་དྲག་ཆས་པའི་བར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་ཅིང་གྲོས་མོལ་ལ་བརྟེན་ནས་ཡེ་མིན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་ཐུབ་པའི་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་པར་བརྩོན་བཞིན་ཡོད་ཟེར། 

ཧྲིན་ཁི་ཨར་གྱིས་བསྟན་དོན། ང་ཚོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཡེ་མིན་གྱི་འཐབ་འཁྲུག་མཇུག་སྒྲིལ་བར་བརྩོན་བཞིན་ཡོད་ཟེར་ཡང་། ཁོས་འབྲེལ་ཡོད་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་གསལ་བོར་བརྗོད་མེད། 

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་ཆབ་སྲིད་ཅུའུ་ཡི་ཁོངས་མི་ཨ་ཅེ་ལེ་ཡིས་ཉིན་དེར་སཱ་པཱ་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁས་གྲོས་མོལ་བྱེད་པར་འབོད་སྐུལ་བཏང་བའི་གཟབ་ནན་རང་བཞིན་དང་དམིགས་ཡུལ་ལ་དོགས་པ་ཟ་བཞིན་ཡོད་པ་དང་། བྱ་སྤྱོད་དེ་ཨ་མེ་རི་ཁའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་ཞབས་འདེགས་ཞུ་བའི་ཆེད་ཡིན་ཡང་སྲིད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་དུས་ཡུན་རིང་བོར་ཡེ་མིན་ལ་བཙན་འཛུལ་བྱེད་པའི་དགྲ་བོར་རྒྱབ་སྐྱོར་བྱས་པ་དང་། དགྲ་བོས་ཡེ་མིན་ནས་བསགས་པའི་བར་སྣང་འཇབ་རྒོལ་དང་བཅས་པའི་ཉེས་སྤྱོད་ཡོད་ཚད་ལ་བཅའ་ཁྲིམས་དང་མི་ཆོས་ཐད་ནས་འགན་ཁུར་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།