ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཧཱ་ནེ་ཡིས་དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་བཞིའི་ཉིན་བསྟན་དོན། དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་གིས་ཅང་མི་འགོར་བར་དུས་རིམ་གསུམ་པར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་པའི་བྱེད་ཐབས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། ལུའུ་ཧཱ་ནེ་ཡིས་ནན་གྱིས་བསྟན་དོན། བྱེད་ཐབས་གསར་བ་དེས་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཟེར། 

དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་དཔོན་པོས་ཚེས་གསུམ་ཉིན་བསྟན་དོན། གལ་ཏེ་འབྲེལ་ཡོད་རྒྱལ་ཁབ་གཞན་པས་དགོས་ངེས་ཀྱི་འོས་འགན་ལག་བསྟར་མ་བྱས་ན། དབྱི་ལིང་གིས་ཉིན་གཉིས་ཀྱི་ནང་འདུས་ཚད་བརྒྱ་ཆའི་ཉི་ཤུ་ཡིན་པའི་ཉིང་རྡུལ་འབར་རྫས་ཐོན་སྐྱེད་སླར་གསོ་བྱེད་པའི་ནུས་པ་ཡོད་ཟེར། 

ད་ལོའི་ཟླ་ལྔ་བའི་ཚུན་ལ། ཨ་མེ་རི་ཁ་ཕྱོགས་གཅིག་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པ་དང་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་རྒོལ་ལན་སྤྲོད་ཆེད། དབྱི་ལིང་གིས་སྔ་གཞུག་དུས་རིམ་གཉིས་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དོན་ཚན་སྐོར་ཞིག་ལག་བསྟར་བྱེད་མཚམས་བཞག་པ་རེད། དབྱི་ལིང་ཕྱོགས་ཀྱིས་བསྟན་དོན། གལ་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་ཁེ་ཕན་ལ་འགན་སྲུང་ཐོབ་ན། གྲོས་མཐུན་གྱི་ནང་དོན་ལག་བསྟར་བྱེད་པ་སླར་གསོ་བྱས་ཆོག་ཀྱང་། དེ་ལྟ་མིན་ཚེ་སྔར་ལས་ལྷག་པའི་སྒོ་ནས་གྲོས་མཐུན་གྱི་ནང་དོན་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།