ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ལ་གཟེངས་བསྟོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་མཁའ་ཏིས་ཀྱིས་ཚེས་བཞིའི་ཉིན་ཀྲུང་གོའི་རྒྱལ་ཁབ་འབྲུ་རིགས་དང་རྒྱུ་དངོས་གསོག་འཇོག་ཅུའུ་ཡི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་དུས་ཡུན་རིང་བོའི་མཛའ་མཐུན་མཉམ་ལས་འབྲེལ་བར་གཟེངས་བསྟོད་བྱས། 

མཁའ་ཏིས་ཀྱིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ། ནམ་རྒྱུན་ཨ་ཧྥེ་རི་ཁ་གླིང་ལ་རྒྱབ་སྐྱོར་ཆེན་པོ་བྱས། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་ལའང་དཀའ་ཁག་ཆེ་བའི་གནས་ཚུལ་འོག་ཏུ། ཐན་ཙན་ལྕགས་ལམ་རོགས་འཛུགས་བྱས་ཏེ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར་འཕེལ་རྒྱས་ཉམས་མྱོང་མཉམ་སྤྱོད་བྱས། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་ལ་རྒྱབ་སྐྱོར་བྱེད་པར་གལ་འགངས་ཆེ་བ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་དོན་དེར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

མཁའ་ཏིས་ཀྱིས་བཤད་རྒྱུར། འབྲུ་རིགས་བདེ་འཇགས་གནད་དོན་ནི་ཨ་ཧྥེ་རི་ཁ་གླིང་གི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཀྲུང་གོའི་དབུལ་ཐར་གྱི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་བྱ་དགོས་ཟེར། མཁའ་ཏིས་ཀྱིས་ཀྲུང་གོས་འབྲུ་རིགས་ཁྱབ་ཁོངས་ནས་ཨ་ཧྥེ་རི་ཁ་གླིང་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། 

ཀྲུང་གོའི་རྒྱལ་ཁབ་འབྲུ་རིགས་དང་རྒྱུ་དངོས་གསོག་འཇོག་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཝུའུ་ཧྥུན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་སྲོལ་རྒྱུན་གྱི་མཛའ་བརྩེ་འབྲེལ་བ་ལྡན་པ་དང་། ཐེངས་འདིའི་འཐུས་ཚབ་ཚོགས་པས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དུ་འཚམས་འདྲི་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ན་ནིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གླེང་སྟེགས་ནས་བཏོན་པའི་འགུལ་སྐྱོད་ཆེན་མོ་བརྒྱད་ཀྱི་འབྲུ་རིགས་དང་འབྲེལ་བའི་མཉམ་ལས་ལས་གཞི་དངོས་འབེབ་བྱེད་པ་དང་། བརྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་འབྲུ་རིགས་དང་ཟས་རིགས་བདེ་འཇགས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།