ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱི་ཙུང་ལི་ཡིས་ཞི་པའོ་ལོན་ཏུ་འཚམས་འདྲི་བྱས་པར་རྒོལ་གཏམ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་ཞི་པའོ་ལོན་གྲོང་ཁྱེར་དུ་འཚམས་འདྲི་བྱས་པར་རྒོལ་གཏམ་བཏང་བ་དང་། དེ་ནི་ཉེན་ཁའི་དཀྲུག་འཕེན་བྱ་སྤྱོད་ཅིག་རེད་ཟེར། 

ལུའུ་ཏའེ་ནཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཞི་པའོ་ལོན་དུ་སོང་ནས་དབྱེ་པུའུ་ལཱ་ཞིན་དབྱི་སི་ལན་ཆོས་ཁང་དུ་འཚམས་འདྲི་བྱས་པ་དང་། དེ་ནི་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་དབྱི་སི་རལ་གྱི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་དབྱི་སི་རལ་གྱི་གཡོས་ཕྱོགས་ལ་འདེམ་ཤོག་མང་དུ་ཐོབ་པའི་ཆེད་དུ་ཡིན་པར་མ་ཟད། དབྱི་སི་རལ་གྱིས་ཞི་པའོ་ལོན་དེ་ཡིའུ་ཐེ་བའི་ཡུལ་དུ་བསྒྱུར་འདོད་ཀྱི་བྱེད་ཐབས་ཤིག་རེད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་སྤྱད་ནས་དབྱི་སི་རལ་གྱིས་ཞི་པའོ་ལོན་དང་དབྱེ་པུའུ་ལཱ་ཞིན་དབྱི་སི་ལན་ཆོས་ཁང་ལ་གནོད་པ་བཟོ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ཞི་པའོ་ལོན་དུ་སོང་ནས་ཡིའུ་ཐེ་བར་གནས་དེར་དམར་གསོད་ཐེབས་ནས་ལོ་ངོ་དགུ་བཅུ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ལ་ཞུགས་པ་དང་། ཁོས་རྗེས་དྲན་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། ང་ཚོ་ནི་གྲོང་ཁྱེར་འདིར་མི་ཆ་མེད་མིན་པ་དང་། ང་ཚོ་དུས་གཏན་དུ་གནས་འདིར་འཚོ་དགོས་ལ། སུ་དང་གང་གིས་ཀྱང་ང་ཚོ་མཐར་སྐྲོད་བཏང་མི་ཆོག་ཟེར། 

ཉིན་དེར་དབྱི་སི་རལ་གྱི་ཙུང་ཐུང་ལི་ཧྥུའུ་ལིན་དང་གྲོས་དཔོན་ཨེ་ཏི་ཨར་སི་ཐན་གྱིས་ཀྱང་ཞི་པའོ་ལོན་ཏུ་འཚམས་འདྲི་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།