ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། ཚེས་གཉིས་ཉིན་གྱི་དགོང་མོར་རྒྱལ་ས་ཁཱ་པོར་གྱི་ཕྱི་རྒྱལ་བ་སྡོད་སའི་སྡོད་ཁུལ་ཞིག་ཏུ་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅུ་དགུར་རྨས་ཕོག་ཟེར། 

ཁཱ་པོར་ཉེན་རྟོག་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཚེས་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་ཞེ་ལྔའི་ཡས་མས་སུ། འགད་རྫས་གང་དྲུད་པའི་རླངས་འཁོར་ཞིག་ཁཱ་པོར་ཉེན་ཟོན་ས་ཁུལ་དགུ་བར་འགས་གཏོར་བཏང་བ་དང་། སྣུམ་སྣོན་ས་ཚིགས་ཤིག་ལའང་འགས་གཏོར་གྱི་གཏོར་བརླག་ཐེབས་ནས་མེར་འབར་བ་རེད་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཁཱ་པོར་ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་བྱུང་སའི་ཡུལ་དངོས་ནས་ཕྱི་རྒྱལ་གྱི་མི་བཞི་བརྒྱ་ཙམ་བསྐྱབས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་དུ་སྡོད་པའི་དོན་གཅོད་ཁང་དུ་བྱ་བ་བྱེད་པའི་ཀྲུང་གོའི་སྤྱི་དམངས་མིན་ཀྲའོ་རོས་ཀྱིས་བཤད་རྒྱུར། འགས་གཏོར་བྱུང་ས་དེ་མོ་སྡོད་སའི་བར་རྨིད་ཉིས་བརྒྱ་ཙམ་ལས་མེད་པས། འགས་གཏོར་ལས་མོའི་སྡོད་ཁང་གི་ཤེལ་སྒོ་ཚང་མ་ཆག་པ་རེད། འགས་གཏོར་བྱུང་རྗེས་མོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་གཞན་པ་དག་མཉམ་དུ་ས་འོག་གི་ཉེན་ཡོལ་བྱེད་སར་སོང་བ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་འགས་གཏོར་འགད་ཤུགས་ཧ་ཅང་ཆེ་བ་དང་། རྒྱང་ཐག་རིང་བའི་གནས་ནས་ཀྱང་འགས་གཏོར་གྱི་སྒྲ་ཐོས་ཐུབ་པ་རེད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།