ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་འཐུས་མིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ལ་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་གྲོས་མཐུན་འཆར་ཟིན་སྙན་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མིས་ཚེས་གཉིས་ཉིན་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ལ་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་གྲོས་མོལ་བྱས་པའི་གྲོས་མཐུན་འཆར་ཟིན་སྙན་ཞུ་བྱས། 

ཨ་ཧྥུའུ་ཧན་ཕྱོགས་ཀྱིས་བཤད་རྒྱུར། གྲོས་མཐུན་འཆར་ཟིན་དེར་ཞིབ་འཇུག་བྱས་ནས་ཉིན་འགའི་ནང་ཕྱིར་ལན་སྟེར་རྒྱུ་ཡིན་ཟེར། 

ཧཱ་ལེ་ལེ་ཀྲ་ཏི་ཡིས་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་ཐཱ་ལེ་པན་བར་གྱི་སྐོར་ཐེངས་དགུ་བའི་གྲོས་མོལ་མཇུག་སྒྲིལ་རྗེས། ཚེས་གཅིག་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་དུ་འབྱོར་བ་དང་། ཚེས་གཅིག་དང་ཚེས་གཉིས་ཉིན་ཐེངས་གཉིས་ལ་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་གྲོས་མོལ་བྱས། 

ཅཱ་ནེ་ལ་གྲོས་མོལ་ཐེངས་གཉིས་པའི་སྐབས་སུ་གྲོས་མཐུན་འཆར་ཟིན་གྱི་མ་ཡིག་འབྱོར་བ་རེད། ཅཱ་ནེ་ཡི་བློ་འདོན་པ་ཨོ་མཱ་ཨར་གྱིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ང་ཚོས་ཡིག་ཆ་དེར་ཞིབ་འཇུག་བྱེད་རྒྱུ་ཡིན་པ་དང་། མུ་མཐུད་དུ་ཆེད་མངག་ཕོ་ཉ་ཧཱ་ལེ་ལེ་ཀྲ་ཏི་དང་དེའི་འཐུས་ཚབ་ཚོགས་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

ཨ་ཧྥུའུ་ཧན་སྲིད་གཞུང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཁོས་ཀྱང་གྲོས་མཐུན་གྱི་ནང་དོན་མཚམས་སྦྱོར་ལ་ཉན་པ་ཡིན་ཟེར། 

མིང་བཤད་མི་འདོད་པའི་མི་སྣ་རེ་འགས་བཤད་རྒྱུར། ཅཱ་ནེ་ཡིས་གྲོས་མཐུན་གྱི་ནང་དོན་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་པ་དང་། ཉིན་གཉིས་ཀྱི་ནང་རང་ཉིད་ཀྱི་བསམ་འཆར་དེ་ཧཱ་ལེ་ལེ་ཀྲ་ཏི་ལ་བཤད་རྒྱུ་རེད་ཟེར། 

ཅཱ་ནེའི་མགྲིན་ཚབ་པ་ཞི་ཏིས་ཅི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་གྲོས་མཐུན་དེར་ཞིབ་འཇུག་བྱེད་རྒྱུ་ཡིན་པ་དང་། ཉིན་འགའི་རྗེས་སུ་ཨ་མེ་རི་ཁར་ལན་སྟེར་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།