ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཡིས་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཏི་ཨར་ཁི་ཨར་གྱིས་ཟླ་དགུ་བའི་ཚེས་གཅིག་ཉིན་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དོན་རྐྱེན་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པ་དང་། ཁོས་ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་ནས་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཁྲུག་རྩོད་དོན་རྐྱེན་བྱུང་རྗེས། ཏི་ཨར་ཁི་ཨར་གྱིས་མྱུར་དུ་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་བར་འབྲེལ་གཏུག་བྱས་ནས་གནས་བབ་ཚོད་འཛིན་བྱེད་པར་བརྩོན་ལེན་བྱས། མིག་སྔར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་འབྲེལ་ཡོད་ས་ཁུལ་ཞི་འཇགས་སུ་སོང་ཡོད་པ་དང་། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་དང་ལེ་པཱ་ནུན་སྲིད་གཞུང་དམག་དཔུང་གིས་མཉམ་དུ་དོན་རྐྱེན་བྱུང་སའི་ཡུལ་དངོས་བརྟན་སྲུང་བྱས་ཡོད་ཟེར། 

ཏི་ཨར་ཁི་ཨར་གྱིས་གསལ་སྒྲོག་ནང་བཤད་རྒྱུར། འཁྲུག་རྩོད་དོན་རྐྱེན་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་དང་རྩ་བ་ནས་འགལ་ཡོད་པ་དང་། ས་ཁུལ་དེའི་གཏན་འཇགས་ལ་གཏོར་བརླག་གཏོང་འདོད་ཡོད་པ་མངོན་གསལ་རེད་ཟེར། མིག་སྔར་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གྲོས་ཆོད་གཅིག་བདུན་ཐིག་གཅིག་གཞིར་བཟུང་ནས་མུ་མཐུད་དུ་དགྲར་འཛིན་གྱི་འགུལ་སྐྱོད་མཚམས་འཇོག་པར་བརྩོན་ལེན་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར། ཁོས་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གང་ནུས་ཀྱིས་རང་ཚོད་འཛིན་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མིག་སྔའི་བར་དུ་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་ལ་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གང་རུང་གི་འབྲེལ་ཡོད་མི་སྣར་ཤི་རྨས་ཐེབས་པའི་སྙན་ཞུ་འབྱོར་མེད། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་མུ་མཐུད་དུ་གནས་བབ་དེར་དོ་སྣང་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།