ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཁ་པར་བཏང་སྟེ། དབྱི་ལིང་གི་ཉིང་རྡུལ་ནུས་པ་དང་ཡེ་མིན་འཁྲུག་རྩོད་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཁ་པར་གཏོང་སྐབས་མིག་སྔའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས་པ་ནན་བཤད་བྱས་ཤིང་། གྲོས་མོལ་ལ་བརྟེན་ནས་གནས་བབ་ཞི་འཇགས་སུ་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་པའི་དུས་ཡུན་རིང་བོའི་ཇུས་གཞི་འཚོལ་ཞིབ་བྱེད་པར་ཆ་རྐྱེན་བསྐྲུན་དགོས། དེའི་ཞོར་དུ་དབྱི་ལིང་གིས་ངེས་པར་དུ་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འོས་འགན་ལག་བསྟར་གང་ལེགས་བྱེད་དགོས་པར་མ་ཟད། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐད་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ལུའུ་ཧཱ་ནེ་ཡིས་ཁ་པར་གཏོང་སྐབས་ཧྥ་རན་སིའི་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་བྱས་པར་དགའ་བསུ་ཞུས། ཁོས་ཞོར་དུ་ནན་གྱིས་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་གྲོས་མཐུན་ཁྲོད་ཀྱི་འབྲེལ་ཡོད་དམ་བཅའ་ཁས་ལེན་བྱ་དགོས། དེ་ལྟ་མིན་ཚེ་དབྱི་ལིང་གིས་གྲོས་མཐུན་ལག་བསྟར་བྱེད་རྒྱུ་མིན་ཟེར། ཁོས་ད་རུང་བཤད་རྒྱུར། གྲོས་མཐུན་གྱི་ནང་དོན་བསྒྱུར་མི་རུང་བ་དང་། འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་བརྩི་སྲུང་བྱེད་དགོས་ཟེར། 

མཱ་ཁི་ལུང་དང་ལུའུ་ཧཱ་ནེ་གཉིས་ཀྱིས་མ་འོངས་པའི་ཉིན་འགའི་ནང་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་ཡོད། 

དེ་ལས་གཞན། ཕྱོགས་གཉིས་ཀྱིས་ད་རུང་ཡེ་མིན་དང་ལེ་པཱ་ནུན་སོགས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས། མཱ་ཁི་ལུང་གིས་འགུལ་སྐྱོད་སྤེལ་ཏེ་ཡེ་མིན་གྱི་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་པ་དང་གྲོས་མོལ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་རང་ཚོད་བཟུང་ནས་མིག་སྔའི་ཛ་དྲག་གི་གནས་བབ་འོག་ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་བྱེད་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།