ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་བདེ་འཇགས་ས་ཁུལ་གྱི་གནད་དོན་ཐད་ནས་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་གཟའ་འཁོར་འགའི་ནང་ཐུར་ཁེའི་རེ་བ་བསྐང་མ་ཐུབ་པར། ཐུར་ཁེའི་དམག་དཔུང་ལ་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་བདེ་འཇགས་ས་ཁུལ་གྱི་ཚོད་འཛིན་དབང་ཆ་ཐོབ་ན། ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱ་ནས་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་དབྱི་སི་ཐན་པོར་དུ་རྒྱལ་སྲུང་སློབ་ཆེན་གྱི་མཐར་ཕྱིན་མཛད་སྒོར་ཞུགས་སྐབས་བཤད་རྒྱུར། ཐུར་ཁེ་དང་ཨ་མེ་རི་ཁས་སི་རི་ཡཱའི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་ཀྱི་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་བདེ་འཇགས་ས་ཁུལ་འཛུགས་པའི་གནད་དོན་ཐད་ནས་ཐུར་ཁེ་ཕྱོགས་ལ་དུས་ཚོད་དང་བཟོད་བསྲན་ཆེན་པོ་མེད། གལ་ཏེ་ཐུར་ཁེའི་དམག་ཕྱོགས་ཀྱིས་གཟའ་འཁོར་འགའི་ནང་བདེ་འཇགས་ས་ཁུལ་གྱི་ས་ཁོངས་ལ་ཚོད་འཛིན་བྱེད་མ་ཐུབ་ན། ཐུར་ཁེ་ཕྱོགས་ཀྱིས་རང་གི་དམག་དོན་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་ལས་གདམ་གསེས་གཞན་པ་མེད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཐུར་ཁེ་ཡིས་ཐུར་ཁེའི་དམག་ཕྱོགས་བདེ་འཇགས་ས་ཁུལ་ལས་ཕྱིར་ཕུད་པའི་འཆར་གཞི་གང་རུང་དང་ལེན་བྱེད་མི་སྲིད་པ་དང་། མིག་སྔའི་གནས་བབ་འཕེལ་རྒྱས་ལས་ཐུར་ཁེ་དང་ཨ་མེ་རི་ཁའི་བར་སི་རི་ཡཱ་ནས་བདེ་འཇགས་ས་ཁུལ་འཛུགས་པའི་གནད་དོན་ཐད་འགལ་བ་ཆེན་པོ་ཡོད་པ་གསལ་བོར་མཚོན་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉེ་སྔོན་བསྟན་དོན། ཨ་མེ་རི་ཁས་ཁུའུ་ཨར་ཏི་དྲག་ཆས་པ་སི་རི་ཡཱའི་མན་པུས་ཅི་ནས་ཕྱིར་འཐེན་བྱེད་པའི་འཆར་གཞིའི་ཐད་ནས་འགོར་འགྱངས་མང་དུ་བྱས་པ་དང་། ཐེངས་འདིར་ཨ་མེ་རི་ཁས་ཡང་བསྐྱར་བདེ་འཇགས་ས་ཁུལ་འཛུགས་པའི་འཆར་གཞིའི་ཐད་ནས་འགོར་འགྱངས་བྱེད་པར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།