ཀྲུང་གོ་བོད་ཀྱི་དྲ་བ།

ནོར་ཝེའི་རྒྱལ་བོ་ཡིས་ཀྲུང་གོའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ནོར་ཝེའི་རྒྱལ་བོ་ཧཱ་ལཱ་ཨར་སྐུ་ཕྲེང་ལྔ་བས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་ཨོ་སི་ལུའུ་ནས་ནོར་ཝེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་དབྱེ་ཞན་ལིང་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་བར་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེར་འབྱུང་བ་དང་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་པ། མཉམ་ལས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད་ཟེར། 

ཉིན་དེར་དབྱེ་ཞན་ལིང་གིས་ཧཱ་ལཱ་ཨར་སྐུ་ཕྲེང་ལྔ་བར་རྒྱལ་ཡིག་སྤྲད་པ་དང་། ཧཱ་ལཱ་ཨར་སྐུ་ཕྲེང་ལྔ་བས་ན་ནིང་ཟླ་བཅུ་བར་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཀྱི་རྣམ་པ་དང་ཀྲུང་གོའི་མགྱོགས་མྱུར་འཕེལ་རྒྱས་ཀྱི་བག་ཆགས་ཟབ་མོར་ཕྱིར་དྲན་བྱས། ཁོས་བཤད་རྒྱུར། མིག་སྔར་ནོར་ཝེ་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ཟེར། 

དབྱེ་ཞན་ལིང་གིས་བཤད་རྒྱུར། ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱི་རིག་གནས་སོགས་མི་འདྲ་ཡང་། འཕེལ་རྒྱས་ཐད་དུ་རང་རང་ལ་ཐུན་མིན་གྱི་ཁྱད་སྟོབས་ལྡན། ཕྱོགས་མང་རིང་ལུགས་བླ་རུ་བཀུར་བ་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཐད་ཐུན་མོང་གི་ལྟ་ཚུལ་མང་དུ་ཡོད་སྟབས། ཕན་ཚུན་ལ་སློབ་སྦྱོང་བྱས་ཤིང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་མཉམ་བསྐྲུན་བྱ་དགོས་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།