ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་སྟོང་བརྒྱད་དང་དྲུག་བརྒྱར་ཇེ་ཉུང་དུ་གཏོང་བའི་འཆར་གཞི་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་གྲོས་མཐུན་འགོད་ལ་ཉེ་བས། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་སྟོང་བརྒྱད་དང་དྲུག་བརྒྱར་ཇེ་ཉུང་དུ་གཏོང་བའི་འཆར་གཞི་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་ཧྥུའུ་ཁི་སི་གསར་འགྱུར་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་སྟོང་བརྒྱད་དང་དྲུག་བརྒྱར་ཇེ་ཉུང་དུ་བཏང་རྗེས། ཨ་མེ་རི་ཁས་གནས་ཚུལ་ལ་གཞིགས་ཏེ་ཐེངས་རྗེས་མའི་ཆོད་དོན་སྤེལ་རྒྱུ་ཡིན་ཟེར། ཐི་ལིང་ཕུའུ་ཡིས་ནན་གྱིས་བསྟན་དོན། བཅའ་སྡོད་དམག་དཔུང་གི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་ཡང་། ཨ་མེ་རི་ཁས་སྔར་བཞིན་ཨ་ཧྥུའུ་ཧན་དུ་དམག་དོན་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱིས་དུས་ནམ་ཞིག་གྲོས་མཐུན་འགོད་ཐུབ་པ་གསལ་བོར་བཤད་མེད། 

ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱི་འཐུས་མིས་ན་ནིང་གི་ཚུན་ལ་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྐོར་ཐེངས་མང་བོར་གྲོས་མོལ་བྱས། ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཚེས་ཉེར་བརྒྱད་ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཨ་མེ་རི་ཁའི་བར་གྲོས་མཐུན་འགོད་ལ་ཉེ་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།