ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་ལུའུ་ཧཱ་ནེ་ལ་ཐུག་འཕྲད་བྱེད་རྒྱུ་གཏན་འཁེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་ཕྱི་འབྲེལ་པུའུ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་ཁས་ལེན་བྱས་དོན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་གཉིས་ཀྱིས་ཟླ་དགུ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་པའི་སྐབས་སུ་གྲོས་མོལ་བྱེད་རྒྱུ་གཏན་འཁེལ་བྱས་ཡོད་ཟེར། 

ཨན་པའེ་ཅིན་སན་གྱིས་ཚེས་ཉེར་བདུན་ཉིན་ཧིན་པེན་ནས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་བར་ཨན་པའེ་ཅིན་སན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་སུ་ལུའུ་ཧཱ་ནེ་དང་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་། 

ཨན་པའེ་ཅིན་སན་གྱིས་ཀྲ་ལི་ཧྥུའུ་ལ་བཤད་རྒྱུར། འཇར་པན་གྱིས་མུ་མཐུད་དུ་གནས་བབ་གཏན་འཇགས་ཡིན་པའི་ཕྱི་ཕྱོགས་འབྲེལ་བ་བཙུགས་འདོད་ཡོད་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན། ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་གིས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་རེ་བ་གཏན་ནས་མེད་ཟེར། 

འཇར་པན་ནི་ཉིས་སྟོང་བཅོ་ལྔ་ལོར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བཀོད་པའི་ཕྱོགས་དྲུག་གི་ཁོངས་གཏོགས་རྒྱལ་ཁབ་མིན་ཞིང་། ཨ་མེ་རི་ཁའི་སྲིད་གཞུང་ཉིས་སྟོང་བཅོ་བརྒྱད་ལོར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་ནས་དབྱི་ལིང་གི་བཀག་སྡོམ་སླར་གསོ་བྱས། ཉེ་སྔོན་ཨ་མེ་རི་ཁ་ཕྱོགས་ཀྱིས་མཚོ་ཁུགས་ཀྱི་དམག་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་བྱས། 

འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ནང་འདྲེན་རྒྱལ་ཁབ་ཨང་བཞི་བ་ཡིན་པའི་ཆ་ནས། འཇར་པན་ནི་དབྱི་ལིང་གི་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པའི་ཕྱོགས་གཙོ་བོ་ཞིག་རེད། ཨ་མེ་རི་ཁ་ཕྱོགས་ཀྱིས་དེའི་སྔོན་འཇར་པན་དང་བཅས་པའི་དབྱི་ལིང་གི་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པའི་རྒྱལ་ཁབ་བརྒྱད་ཀྱི་བཀག་སྡོམ་གཟིགས་སྐྱོང་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཏེ། ཕྱོགས་ཡོངས་ནས་དབྱི་ལིང་གི་མ་བཅོས་རྡོ་སྣུམ་གྱི་ཕྱིར་གཏོང་ལ་བཀག་སྡོམ་བྱེད་རྩིས་བྱས། འཇར་པན་གྱིས་བཀག་སྡོམ་གྱི་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། དབྱི་ལིང་ནས་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་མཚམས་བཞག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།