ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་དམིགས་པའི་སྐབས་རྗེས་མའི་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་མདུན་ལྗོངས་ལ་གྲོས་བསྡུར་བྱས་པ་དང་། མེན་སི་ཁིའི་གྲོས་མཐུན་ནི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞི་ཡིན་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ནོའུ་མན་ཏིས་རྣམ་པའི་སྒྲོམ་གཞིའི་འོག་མུ་མཐུད་དུ་བྱ་བ་བྱེད་འདོད་ཡོད་པའི་ཚུལ་བསྟན། ཕུའུ་ཅིན་གྱིས་བསྟན་དོན། མིག་སྔར་ནོའུ་མན་ཏིས་རྣམ་པའི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱས་ཏེ། བྱེ་བྲག་གི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་ཟེར། 

གཞན་ཡང་འཇར་མན་སྲིད་གཞུང་གི་མགྲིན་ཚབ་པ་སེ་པའོ་ཐི་ཡིས་ཚེས་ཉེར་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། མའོ་ཁི་ཨར་དང་ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱེད་སྐབས་ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ལ་བརྟེན་ནས་མུ་མཐུད་དུ་མེན་སི་ཁིའི་གྲོས་མཐུན་དངོས་འབེབ་བྱེད་དགོས་པའི་ཚུལ་བསྟན་ཡོད་ཟེར། 

ཉེ་སྔོན་ཧྥ་རན་སི་ནས་གྲོལ་བའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་ཚེས་ཉེར་དྲུག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སི་དང་འཇར་མན་གྱིས་མ་འོངས་པའི་གཟའ་འཁོར་འགའི་ནང་ནོའུ་མན་ཏིས་རྣམ་པའི་མཐོ་རིམ་གྲོས་ཚོགས་ཤིག་སྤེལ་ནས་བྱེ་བྲག་གི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།