ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་སི་རི་ཡཱའི་གནད་དོན་གྱི་ཆབ་སྲིད་ཐག་གཅོད་འཕེལ་རིམ་ལ་ཡར་སྐུལ་གཏོང་རྒྱུ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་བསྟན་དོན། སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་དགོས་ན། མིག་སྔའི་ལས་འགན་གཙོ་བོ་ནི་སི་རི་ཡཱའི་གནས་བབ་གཏན་འཇགས་སུ་ཡོང་བར་བྱས་ཏེ་ཆབ་སྲིད་ཐག་གཅོད་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཟེར། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་མའོ་སི་ཁོའི་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམ་སྟོན་ཚོགས་འདུའི་སྟེང་གྲོས་མོལ་བྱས། ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་ཨེ་ཨར་ཏའོ་ཨན་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་གཉིས་ཀྱིས་གཙོ་བོ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཁོས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་ཨ་སི་ཐཱ་ནཱའི་འཕེལ་རིམ་སྒྲོམ་གཞིའི་ནང་རོགས་ལས་གང་ལེགས་བྱེད་དགོས་པ་དང་། འཕེལ་རིམ་དེ་ནི་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ནུས་པ་ཆེས་ཆེར་ལྡན་པའི་རྐྱེན་སྲོལ་ཞིག་རེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ད་ལྟའི་དུས་རིམ་གྱི་ལས་འགན་ཆེས་ལྗིད་མོ་ནི་སི་རི་ཡཱའི་གནས་བབ་ཞི་འཇགས་སུ་བཏང་སྟེ། ཆབ་སྲིད་ཐག་གཅོད་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པར་འདོད། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཁོས་ཨེ་ཨར་ཏའོ་ཨན་དང་མཉམ་དུ་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པ་དང་འབྲེལ་བའི་གནད་དོན་ལག་ལེན་དུ་བསྟར་བར་གྲོས་མོལ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་ཡོན་ལྷན་ཁང་དེ་དུས་ཡུན་ཐུང་ངུའི་ནང་རི་ནེ་ཝ་ནས་འཛུགས་པར་རེ་བ་བྱས་ཡོད་པ་དང་། ཁོ་རང་ཉིད་ཟླ་དགུ་བའི་ཟླ་དཀྱིལ་དུ་ཨན་ཁཱ་ལཱ་རུ་སོང་ནས་ཨུ་རུ་སི་དང་། ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐུར་ཁེ་ཡིས་ལྷོ་ཕྱོགས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་སེམས་ཁུར་བྱེད་བཞིན་པར་རྒྱུས་ལོན་བྱེད་ཐུབ་པ་དང་ ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ཐུར་ཁེ་ཕྱོགས་ཀྱིས་རང་གི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་འགན་སྲུང་བྱེད་པ་ནི་ཁྲིམས་མཐུན་གྱི་དོན་ཅིག་ཡིན་པར་བསམ་ཡོད། ཁོ་གཉིས་ཀྱིས་ཉིན་དེར་ད་རུང་བྱེད་ཐབས་གཞན་པ་སྤྱད་དེ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་ཚར་གཅོད་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། དེ་ལས་གཞན་ཁོ་གཉིས་ཀྱིས་ད་རུང་ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་སུའུ-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་རབས་ལྔ་བའི་འཐབ་འཛིང་གནམ་གྲུ་སུའུ-57རྟགས་ཅན་གྱི་ཐད་ནས་མཉམ་ལས་སྤེལ་བའི་གནད་དོན་ལའང་གྲོས་བསྡུར་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།