ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཐུ་ནི་ཞི་ཡཱ་དང་ལི་པུ་ཡཱའི་མཐའ་མཚམས་ཀྱི་དམག་དོན་དོགས་ཟོན་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུ་ནི་ཞི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཐུ་ནི་ཞི་ཡཱའི་སྲིད་གཞུང་དམག་དཔུང་གིས་ལི་པུ་ཡཱ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་གྱི་དམག་དོན་དོགས་ཟོན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

ཐུ་ནི་ཞི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ཏེ། མིག་སྔར་ཉེན་ཁ་ཆེ་བའི་དྲག་ཆས་ཉེས་ཅན་སྐོར་ཞིག་ལི་པུ་ཡཱ་ནས་ཐུ་ནི་ཞི་ཡཱ་རུ་ཡོང་རྩིས་ཡོད་པ་དང་། ཐུ་ནི་ཞི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཐུ་ནི་ཞི་ཡཱ་དང་ལི་པུ་ཡཱའི་མཐའ་མཚམས་ས་ཁུལ་གྱི་དམག་དོན་དོགས་ཟོན་ལ་ཤུགས་སྣོན་བྱས་ཏེ། ཁྲིམས་འགལ་ཉེས་ཅན་དེ་དག་ལ་ཟིལ་ཤུགས་སྟེར་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་ཐུ་ནི་ཞི་ཡཱའི་མང་ཚོགས་དག་མཐའ་མཚམས་ཀྱི་དམག་དོན་དོ་དམ་ས་ཁོངས་སུ་འགྲོ་འདུག་བྱེད་མི་རུང་བའི་རེ་བ་བཏོན། 

ཚེས་ཉེར་བཞིའི་ཉིན། ཐུ་ནི་ཞི་ཡཱའི་སྲིད་གཞུང་དམག་དཔུང་གི་སྐོར་གཡེང་རུ་ཁག་ཅིག་ལ་ཐུ་ནི་ཞི་ཡཱ་དང་ལི་པུ་ཡཱའི་མཐའ་མཚམས་ས་ཁུལ་དུ་སྐོར་གཡེང་བྱེད་སྐབས་ཁྲིམས་འགལ་དྲག་ཆས་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས། སྲིད་གཞུང་དམག་དཔུང་གིས་དེར་རྒོལ་ལན་སྤྲད་རྗེས་དྲག་ཆས་ཉེས་ཅན་དག་ལི་པུ་ཡཱའི་མངའ་ཁོངས་སུ་བྲོས་བྱོལ་བྱས་པ་རེད། 

ཐུ་ནི་ཞི་ཡཱའི་སྲིད་གཞུང་གིས་ཉིས་སྟོང་བཅོ་ལྔ་ལོར་ཐུ་ནི་ཞི་ཡཱ་དང་ལི་པུ་ཡཱའི་མཐའ་མཚམས་ས་ཁུལ་སྐོར་ཞིག་དམག་དོན་དོ་དམ་ས་ཁོངས་སུ་གཏན་འཁེལ་བྱས་ཏེ། འབྲེལ་མེད་མི་སྣ་གནས་དེར་འགྲོ་འདུག་བྱེད་པར་གཏན་འགོག་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།