ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་ཡིས་ཏུའུ་ཏའོ་གླིང་ཕྲན་གྱི་འགོག་སྲུང་སྦྱོང་བརྡར་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་ཏུའུ་ཏའོ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་དུས་ཡུན་ཉིན་གཉིས་ཀྱི་ཏུའུ་ཏའོ་གླིང་ཕྲན་འགོག་སྲུང་སྦྱོང་བརྡར་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དམག་དོན་སྦྱོང་བརྡར་དེའི་མིང་ཤར་ཕྱོགས་རྒྱ་མཚོའི་མངའ་ཁོངས་འགོག་སྲུང་བྱེད་པའི་སྦྱོང་བརྡར་དུ་བསྒྱུར། 

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བཀོད་སྒྲིག་བྱས་པའི་དམག་མིའི་ཁ་གྲངས་ན་ནིང་ལས་ལྡབ་གཉིས་ཀྱིས་མང་བ་དང་། མཚོ་དམག་དང་མཚོ་ཐོག་ཉེན་རྟོག་པའི་གྲུ་གཟིངས། མཚོ་དམག་དང་མཁའ་དམག་གི་འཐབ་འཛིང་གནམ་གྲུ། སྐམ་དམག་དང་མཚོ་དམག་གི་དམག་མི་བཅས་དམག་དོན་སྦྱོང་བརྡར་ལ་ཞུགས། དེ་ལས་གཞན་འཇིག་རྟེན་རྒྱལ་བོ་རྟགས་ཅན་གྱི་མཐར་སྐྲོད་གྲུ་གཟིངས་ཡོད་པའི་ཧན་གགོའི་མཚོ་དམག་གི་འཐབ་འཛིང་ལྡིང་ཤོག་དང་སྐམ་དམག་ཆེད་འཐབ་དམག་སྤྱི་ཁང་ཐོག་དང་པོར་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པ་རེད། 

དམག་དོན་སྦྱོང་བརྡར་གྱི་མིང་བསྒྱུར་བའི་རྒྱུ་མཚན་ཐད་ནས་མཚོ་དམག་གི་དམག་དཔོན་གྱིས་ཧན་གོའི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སྔར་ལས་ལྷག་པའི་སྒོ་ནས་ཏུའུ་ཏའོ་གླིང་ཕྲན་དང་བཅས་པའི་ཤར་ཕྱོགས་མཚོ་ཁོངས་ཀྱི་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་ཆེད་དང་། ཞོར་དུ་དམག་དོན་སྦྱོང་བརྡར་གྱི་དོན་སྙིང་དང་གཞི་རྒྱར་བསམ་བློ་བཏང་སྟེ་མིང་བསྒྱུར་བ་ཡིན་ཟེར། 

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡི་མགྲིན་ཚབ་པས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཤར་ཕྱོགས་རྒྱ་མཚོའི་མཚོ་ཁོངས་སྲུང་སྐྱོབ་བྱེདུ་པའི་དམག་དོན་སྦྱོང་བརྡར་ནི་འཇར་པན་ཁོ་ནར་དམིགས་པ་མ་ཡིན་ལ། ཧན་གོའི་མངའ་ཁོངས་དང་བདག་དབང་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་ཆེད། ལོ་རེར་རྒྱུན་སྲོལ་གྱི་དམག་དོན་སྦྱོང་བརྡར་སྤེལ་བ་ཡིན་ཟེར། 

ཏུའུ་ཏའོ་གླིང་ཕྲན་ནི་ཁྲའོ་ཞན་ཕྱེད་གླིང་གི་ཤར་ཕྱོགས་མཚོ་ཁོངས་སུ་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཐིག་དང་གྲངས་ཆུང་གཅིག་བརྒྱད་ཙམ་ཡོད། ཁྲའོ་ཞན་དང་ཧན་གོ། འཇར་པན་བཅས་ཀྱིས་གླིང་ཕྲན་དེ་རང་རང་ལ་དབང་བ་ཁྱབ་སྒྲོག་བྱས་ཡོད། མིག་སྔར་དོན་དངོས་སུ་ཧན་གོ་ཡིས་གླིང་ཕྲན་དེ་བདག་བཟུང་བྱས་ཡོད་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།