ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་ཉོ་ཚོང་འཐབ་འཁྲུག་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2019-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ལོ་རེར་ཐེངས་རེ་ཚོགས་བཞིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཚེས་ཉེར་བཞིའི་ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་པུས་ཡཱ་ལི་ཚི་ནས་ཚོགས་མགོ་བརྩམས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་སོགས་མགོ་ཁྲིད་པས་ཉོ་ཚོང་འཐབ་འཁྲུག་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

སྐབས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། ཧྥ་རན་སི་དང་ཨ་མེ་རི་ཁ། འཇར་མན། དབྱིན་ཇི། དབྱི་ཐཱ་ལེ། ཁཱ་ནཱ་ཏཱ། འཇར་པན་བཅས་རྒྱལ་ཁབ་བདུན་གྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། རྒྱ་གར་དང་ཨོ་སི་ཁྲུ་ལི་ཡཱ། ཨེ་ཅིབ། ཨ་ཧྥེ་རི་ཁ་ལྷོ་མ། ཀྲི་ལི། པུ་ཁི་ནཱ་ཧྥ་སོ་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གདན་ཞུས་ལྟར་འབྲེལ་ཡོད་གྲོས་བསྡུར་ལ་ཞུགས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ། འཛམ་གླིང་ཉོ་ཚོང་རྩ་འཛུགས་བཅས་ལས་ཁུངས་ཀྱི་འགན་ཁུར་བའང་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས། 

འདྲ་མཉམ་མིན་པར་ངོ་རྒོལ་བྱེད་པ་ནི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧྥ་རན་སི་ཡིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་གཏན་འཁེལ་བྱས་པའི་བརྗོད་སྙིང་རེད། གྲོས་ཚོགས་ལ་ཞུགས་མཁན་དག་གིས་ཕོ་མོའི་གནད་དོན་དང་སློབ་གསོ། འཕྲོད་བསྟེན་སོགས་ཐད་ཀྱི་འདྲ་མཉམ་མིན་པའི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས། དེ་ལས་གཞན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་ཉོ་ཚོང་། དབྱི་ལིང་གི་གནད་དོན། ནམ་ཟླའི་འགྱུར་ལྡོག་སོགས་ཀྱང་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་རེད། 

མཱ་ཁི་ལུང་གིས་ཚེས་ཉེར་བཞིའི་ཉིན་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་མགོ་ཁྲིད་པས་ཛ་དྲག་གི་གནས་བབ་དང་ཁྱད་པར་དུ་ཉོ་ཚོང་གི་ཛ་དྲག་གནས་བབ་དེས་འཛམ་གླིང་ཡོངས་ལ་གནོད་ཐེབས་སྲིད་པ་ཤེས་དགོས་ཟེར། ཁོས་བཤད་རྒྱུར། ང་ཚོས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། ཉོ་ཚོང་འཐབ་འཁྲུག་སྔོན་འགོག་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་དགོས་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡོ་ཧན་ཞོན་གྱིས་ཉིན་དེར་བསྟན་དོན། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉོ་ཚོང་འཐབ་འཁྲུག་བྱེད་མི་རུང་བའི་སྐུལ་མ་བཏང་བ་དང་། ཉོ་ཚོང་འཐབ་འཁྲུག་གིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་མིན་པར་གཏོང་སྲིད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།