ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་ཀྱིས་མི་ཆོས་རིང་ལུགས་འགུལ་སྐྱོད་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནི་འཛམ་གླིང་མི་ཆོས་རིང་ལུགས་ཀྱི་ཉིན་མོ་ཐེངས་བཅུ་གཅིག་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མང་བོས་བསྟན་དོན། བུད་མེད་ཀྱིས་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་འགུལ་སྐྱོད་ཁྲོད་སྔར་ལས་ལྷག་པའི་ནུས་པ་འདོན་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་འཛམ་གླིང་མི་ཆོས་རིང་ལུགས་ཉིན་མོར་ཞུ་ཚིག་ཕུལ་ཏེ། བུད་མེད་ཀྱི་མི་ཆོས་རིང་ལུགས་བྱ་བ་བྱེད་མཁན་གྱིས་དཀའ་སྡུག་གི་ཁྲོད་དུ་གནས་པའི་མི་ཁྲི་སྟོང་མང་བོར་འགྱུར་ལྡོག་ཆེན་པོ་བཟོ་བཞིན་ཡོད། ཉམས་ཉེན་ཁྲོད་ཀྱི་མི་སེར་ལ་རོགས་སྐྱོར་བྱེད་པ་དང་ཡང་ན་འགོ་ནད་ལ་འགོག་རྒོལ་བྱེད་པ་གང་ཡིན་ཡང་། ཁོ་མོ་ཚོ་མི་ཆོས་རིང་ལུགས་ཀྱི་བྱ་བའི་མདུན་གྲས་སུ་རྒྱུག་འདུར་བྱེད་བཞིན་ཡོད་ཟེར། 

ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཛད་སྒོ་སྤེལ་ཏེ། ཉིས་སྟོང་གསུམ་ལོར་པཱ་ཀི་ཏཱ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་ལ་འགས་གཏོར་དོན་རྐྱེན་བྱུང་སྐབས་རང་སྲོག་བློས་བཏང་བའི་ལས་བྱེད་མི་སྣ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་གཞན་པའི་ཆེད་དུ་རང་སྲོག་བློས་བཏང་བའི་མི་སྣར་མྱ་ངན་ཞུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་མུའུ་ཧན་མའོ་ཏི་ཡིས་མཛད་སྒོའི་སྟེང་བཤད་རྒྱུར། ཁོ་ཚོས་རང་སྲོག་བློས་བཏང་བ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་བཏང་བ་དང་། འཕྲལ་སྒྲུབ་ཐག་གཅོད་རྐྱེན་སྲོལ་ལེགས་སྒྲིག་བྱས་ཡོད་པར་མ་ཟད། སེམས་ཁམས་བདེ་ཐང་གི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཡོད་ཟེར། མུའུ་ཧན་མའོ་ཏི་ཡིས་ད་རུང་བསྟན་དོན། བུད་མེད་ཀྱི་མི་ཆོས་རིང་ལུགས་བྱ་བ་བྱེད་མཁན་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགོ་ནད་འགོག་རྒོལ་དང་ལོག་གཡེམ་དྲག་ཤུགས་ཀྱི་གནོད་ཐེབས་མཁན་ལ་རྒྱབ་སྐྱོར་བྱེད་པའི་བྱ་བར་སྔར་ལྷག་པའི་ཕན་འབྲས་ཐོན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོའི་ལས་རོགས་པ་མུས་ལེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བུད་མེད་ཀྱིས་མི་ཆོས་རིང་ལུགས་བྱ་བའི་ཕྱོགས་སོ་སོར་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད། ཁོ་མོ་ཚོས་ཕན་ནུས་ལྡན་པའི་སྒོ་ནས་རོགས་རམ་མཁོ་བའི་བུད་མེད་དང་བྱིས་པར་འབྲེལ་འདྲིས་བྱེད་ཐུབ་པ་དང་། མི་ཆོས་བྱ་བའི་ཆེད་དུ་ཐུན་མོང་མ་ཡིན་པའི་བསམ་འཆར་དང་ཉམས་མྱོང་འདོན་སྤྲོད་བྱེད་ཐུབ། ཁོ་མོ་ཚོས་མི་ཆོས་རིང་ལུགས་འགུལ་སྐྱོད་ཀྱི་ཐབས་ཇུས་དང་ཇུས་གཞིའི་འཆར་འགོད། ལག་བསྟར་བཅས་ཀྱི་ཆེད་དུ་སྲོག་སྙིང་ནུས་པ་འདོན་སྤེལ་བྱེད་དགོས་ཟེར། 

ད་ལོའི་འཛམ་གླིང་མི་ཆོས་རིང་ལུགས་ཉིན་མོའི་བྱ་འགུལ་ཡིན་པའི་ཆ་ནས། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཉམ་ལས་གྲོགས་པོ་དག་གིས་དྲ་ཐོག་ནས་བུད་མེད་ཀྱི་མི་ཆོས་རིང་ལུགས་བྱ་བ་བྱེད་མཁན་གླེང་གཞིར་བྱས་པའི་འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་སྤེལ་ཏེ། བུད་མེད་ཀྱིས་བསྒྲུབས་པའི་མི་ཆོས་རིང་ལུགས་ཀྱི་བྱ་བར་གུས་སེམས་བསྟན་ནས་རྒྱབ་སྐྱོར་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན། འཛམ་གླིང་ཡོངས་སུ་བུད་མེད་རྒུད་སྐྱོབ་མི་སྣ་འབུམ་གཉིས་དང་ཁྲི་བཞི་ཙམ་ཡོད་པ་དང་། མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་གྱི་སྤྱི་གྲངས་ཀྱི་བརྒྱ་ཆའི་བཞི་བཅུའི་ཡན་ཟིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།