ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་རྒྱལ་སྲུང་བློན་ཆེན་གྱིས་འཇར་མན་གྱིས་མུ་མཐུད་དུ་དབྱི་རག་གིས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཁི་ལན་ཕུའུ-ཁཱ་ལོན་པའོ་ཨར་གྱིས་ཚེས་ཉི་ཤུའི་ཉིན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་ནས་བསྟན་དོན། འཇར་མན་གྱིས་མུ་མཐུད་དུ་དབྱི་ལིང་གིས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

དབྱི་རག་གི་རྒྱལ་སྲུང་བློན་ཆེན་ཞེ་མུའུ་མཱ་ལི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཁི་ལན་ཕུའུ-ཁཱ་ལོན་པའོ་ཨར་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་དམག་དོན་དང་གསང་འཕྲིན་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། འཇར་མན་གྱིས་དབྱི་རག་བདེ་འཇགས་དམག་དཔུང་ལ་གསོ་སྦྱོང་བྱེད་པ་སོགས་ལ་གྲོས་བསྡུར་བྱས། 

ཁི་ལན་ཕུའུ-ཁཱ་ལོན་པའོ་ཨར་གྱིས་ཐུག་འཕྲད་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་ཁྲོད་ཕམ་ཉེས་མྱོང་བཞིན་ཡོད་ཀྱང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལྷག་འཕྲོའི་འཇིགས་ཉེན་སྔར་བཞིན་དུ་གནས། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་ཆེད། འཇར་མན་གྱིས་དབྱི་རག་བདེ་འཇགས་དམག་དཔུང་གི་མཁོ་སྒྲུབ་རྒྱབ་སྐྱོར་དང་ཕྱོགས་གཉིས་ཀྱི་གསང་འཕྲིན་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མུ་མཐུད་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་དབྱི་རག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཉིན་དེའི་སྔ་དྲོར། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་དང་ཙུང་ལི་ཨ་པུའུ་ཏུའུ་ལེ-མེད་ཧི་ཏིས་ཀྱིས་སོ་སོར་ཁི་ལན་ཕུའུ-ཁཱ་ལོན་པའོ་ཨར་ལ་ཐུག་འཕྲད་བྱས། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་འཇར་མན་གྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་ཁྲོད་ཀྱི་ནུས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

དབྱི་རག་གི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སཱ་ལེ་ཧི་ཡིས་ཐུག་འཕྲད་བྱེད་སྐབས་ས་ཁུལ་དང་རྒྱལ་སྤྱིའི་རིམ་པ་ནས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས། ཁོས་བསྟན་དོན། དབྱི་རག་གིས་ཁྱབ་ཁོངས་སོ་སོ་ནས་འཇར་མན་གྱི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་བར་གྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱས་ན་དབྱི་རག་གི་བདེ་འཇགས་དམག་དཔུང་གི་ནུས་པ་ཇེ་དྲག་ཏུ་འགྲོ་བར་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།