ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་ཡིས་ཐུར་ཁེ་ཡིས་མུ་མཐུད་དུ་ཐལ་སྤྱོད་རྩ་འཛུགས་ལ་དམག་དོན་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གི་རླངས་འཁོར་རུ་ཁག་གིས་ཉིན་དེར་རྒྱལ་མཚམས་བརྒལ་ཏེ་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ཐལ་སྤྱོད་རྩ་འཛུགས་ལ་མཚོན་ཆ་སོགས་དངོས་རྫས་དང་སྒྲིག་ཆས་སྐྱེལ་འདྲེན་བྱས་ཟེར། 

ཉིན་དེའི་སྔ་དྲོར་མཚོན་ཆ་སོགས་དངོས་རྫས་དང་སྒྲིག་ཆས་དྲུད་པའི་ཐུར་ཁེའི་སྐྱེལ་འདྲེན་རླངས་འཁོར་རྒྱལ་མཚམས་བརྒལ་ནས་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལྷོ་ངོས་ཀྱི་ཧན་ཞེ་ཧོང་གྲོང་རྡལ་དུ་ཆས་པ་དང་། དེའི་དམིགས་ཡུལ་ནི་དབང་བསྡུའི་འཐབ་ཕྱོགས་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ལ་རོགས་སྐྱོར་བྱེད་པའི་ཆེད་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱ་ཡིས་ཐུར་ཁེའི་རྒྱལ་སྤྱིའི་བཅའ་ཁྲིམས་ལ་མངོན་སུམ་འཛེམ་མེད་ཀྱིས་གཏོར་བརླག་བྱས་པར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་ཧན་ཞེ་ཧོང་དང་ས་ཁུལ་གཞན་པའི་འཇིགས་སྐུལ་ཉེས་ཅན་ལྷག་འཕྲོ་ཚར་གཅོད་བྱས་ཏེ། འཇིགས་སྐུལ་རིང་ལུགས་དེ་སི་རི་ཡཱའི་མངའ་ཁོངས་ནས་ཡོངས་སུ་ཚར་གཅོད་གཏོང་བའི་བར་བརྩོན་པ་བྱེད་རྒྱུའི་ཆོད་སེམས་ཡོད་ཟེར། 

གཞན་ཡང་སི་རི་ཡཱའི་མེས་རྒྱལ་ཚགས་པར་གྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་འཐབ་འཛིང་གནམ་གྲུས་ཉིན་དེའི་སྔ་དྲོར་དབྱེ་ཏི་ལེ་པུའུ་ཞིང་ཆེན་མངའ་ཁོངས་ཀྱི་ཐུར་ཁེའི་རླངས་འཁོར་རུ་ཁག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་མི་སྣར་ཤི་རྨས་བཟོས་ཡོད་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་རླངས་འཁོར་རུ་ཁག་ལ་ཉིན་དེར་དབྱེ་ཏི་ལེ་པུའུ་རུ་ཡོད་པའི་ལྟ་ཞིབ་ཁང་ཞིག་ནས་བར་སྣང་འཇབ་རྒོལ་ཐེབས། བར་སྣང་འཇབ་རྒོལ་ལས་མི་སེར་དཀྱུས་མ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དཀྱུས་མ་བཅུ་གཉིས་ལ་རྨས་ཕོག་ཡོད་ཟེར། གསལ་སྒྲོག་ལས་ཐུར་ཁེའི་དམག་ཕྱོགས་མི་སྣའི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད། གསལ་སྒྲོག་ལས་བར་སྣང་འཇབ་རྒོལ་དེ་ཐུར་ཁེ་དང་ཨུ་རུ་སི་ཡིས་བཀོད་པའི་གྲོས་མཐུན་དང་འགལ་ཡོད་པའི་སྐྱོན་འཛུགས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།