ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་དབྱི་སི་རལ་གྱིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་གནོད་པ་བཏང་བར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཅོར་ཏན་དུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་བོས་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཡེ་ལུའུ་སཱ་ལེམ་མཁར་རྙིང་གི་ལྷ་ཁང་རི་བོར་ཡོད་པའི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ལ་གནོད་པ་བཟོས་པར་ངོ་རྒོལ་བྱས་པ་དང་། དབྱི་སི་རལ་གྱིས་མྱུར་དུ་དཀྲུག་འཕེན་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན། 

ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཅོར་ཏན་གྱིས་དབྱི་སི་རལ་ཕྱོགས་ཀྱིས་ཡིའུ་ཐེ་བ་དག་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་སོང་ནས་རྗེས་བྱ་འགུལ་གཞན་པ་སྤེལ་བར་ཆོག་མཆན་བཀོད་པའི་ཆོད་དོན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཞོར་དུ་དབྱི་སི་རལ་གྱིས་མུའུ་སི་ལིན་གྱི་མཇལ་ཕྱག་མཁན་ལ་ཚོད་འཛིན་བྱེད་ཐབས་སྤྱད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་བྱ་སྤྱོད་དེས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཇེ་སྡུག་ཏུ་གཏོང་སྲིད་པ་དང་། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ཟེར། ཅོར་ཏན་ཕྱོགས་ཀྱིས་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་བོས་ནས་གནོད་སྐྱེལ་བའི་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས་པ་དང་། ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་གི་ལོ་རྒྱུས་གོ་གནས་དང་ད་ལྟའི་གནས་ཚུལ་ལ་བརྩི་འཇོག་བྱེད་དགོས་པའི་རེ་བ་བཏོན། 

ཟླ་འདིའི་ཚེས་བཅུ་གཅིག་ཉིན། མུའུ་སི་ལིན་འབུམ་གཅིག་ལྷག་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་སོང་ནས་ཕྱག་འཚལ་ཏེ་དམར་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུས། ཉིན་དེ་ཏག་ཏག་ཡིའུ་ཐེ་བའི་ལོ་རེར་ཐེངས་རེ་སྤེལ་བའི་ལྷ་ཁང་བརླག་པའི་ཉིན་མོར་འཁེལ་ཡོད་པས། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཡིའུ་ཐེ་བ་དག་ལྷ་ཁང་རི་བོར་སོང་ནས་རྗེས་དྲན་བྱ་འགུལ་སྤེལ་བར་ཆོག་མཆན་བཀོད། དེར་བརྟེན་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་དང་ཕཱ་ལེ་སི་ཐན་གྱི་ངོ་རྒོལ་བྱེད་མཁན་བར་འཁྲུག་རྩོད་བྱུང་ནས་མི་བཅུ་ཕྲག་འགར་རྨས་ཕོག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།