ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ཐུང་གིས་གྲོས་མོལ་ལ་བརྟེན་ནས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བཅོ་བརྒྱད་ཉིན་པཱ་ཀ་ཏཱ་ནས་སོ་སོར་ཨ་མེ་རི་ཁ་དང་དབྱི་ལིང་གི་དབྱི་རག་ཏུ་སྡོད་པའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པ་དང་། གྲོས་མོལ་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར། 

དབྱི་རག་ཙུང་ཐུང་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སཱ་ལེ་ཧི་ཡིས་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཐུའུ་ལེ་དང་མཉམ་དུ་ས་ཁུལ་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་གསར་བར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤྱད་དེ་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱ་དགོས་ལ། ས་ཁུལ་གྱི་ཉམས་ཉེན་མཇུག་སྒྲིལ་བར་བྱས་ཏེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲ་བརྟན་དུ་གཏོང་དགོས་པ་ནན་བཤད་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། སཱ་ལེ་ཧི་ཡིས་དབྱི་རག་ཏུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཆེན་མོ་མཱ་སི་ཅེ་ཏིས་དང་གྲོས་མོལ་བྱེད་སྐབས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོར་མཉམ་ལས་སྤེལ་བའི་བྱེད་ཐབས་ལ་གྲོས་བསྡུར་བྱས། 

ཉིན་དེའི་ཞོགས་པར། སཱ་ལེ་ཧི་ཡིས་དབྱི་རག་རྒྱལ་སྲུང་པུའུ་རུ་རྟོག་ཞིབ་བྱེད་སྐབས་བསྟན་དོན། དབྱི་རག་དེ་རྒྱལ་ཁབ་གཞན་པའི་འགྲན་རྩོད་ཀྱི་གནས་སུ་འགྱུར་མི་རུང་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།