ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དམག་ཕྱོགས་དང་ངོ་རྒོལ་ཕྱོགས་ཁག་གིས་མཇུག་མཐའི་དབང་བགོའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དང་ངོ་རྒོལ་ཕྱོགས་ཁག་གཙོ་བོ་རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་རྒྱལ་ས་ཁཱ་ཐུའུ་མུའུ་ནས་མཇུག་མཐའི་དབང་བགོའི་གྲོས་མཐུན་བཀོད་དེ། བར་བརྒལ་སྲིད་གཞུང་འཛུགས་པར་རྨང་གཞི་བཏིང་། 

གསར་འགྱུར་ལས་རིགས་མང་བོས་བསྒྲགས་པ་ལྟར་ན། གྲོས་མཐུན་དེ་ནི་སུའུ་ཏན་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཏཱ་ཁི་ལུའུ་དང་རང་དབང་དང་བཅོས་བསྒྱུར་མནའ་འབྲེལ་གྱི་མགོ་ཁྲིད་པ་གཙོ་བོ་ལཱ་པུས་གཉིས་ཀྱིས་བཀོད་པ་རེད། 

རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་དཔོན་རིགས་ཉིན་དེའི་མཛད་སྒོར་ཞུགས། ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ལི་ཨེ་ཧཱ་མེད་ཏི་དང་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ་སོགས་འདུས། 

མཇུག་མཐའི་གྲོས་མཐུན་ལྟར་ན། སུའུ་ཏན་དམག་ཕྱོགས་དང་ངོ་རྒོལ་ཕྱོགས་ཁག་གིས་མི་བཅུ་གཅིག་གིས་བར་བརྒལ་བཅོས་སྐྱོང་ལས་ཁུངས་ཏེ་མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་འཛུགས་པར་ཡིད་འཐད་བྱུང་བ་དང་། དེའི་ནང་རིག་གནས་བྱ་བ་བྱེད་པའི་དཔོན་པོ་དྲུག་དང་དམག་མི་ལྔ་འདུས། ཨུ་ཡོན་ལྷན་ཁང་དེས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཡུན་ཚད་ནི་ལོ་གསུམ་དང་ཟླ་ངོ་གསུམ་སྟེ་རྒྱལ་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་རག་བར་ཡིན། སྔོན་གྱི་ཟླ་ངོ་ཉེར་གཅིག་རིང་། ཨུ་ཡོན་ལྷན་ཁང་དེར་དམག་ཕྱོགས་ཀྱི་མགོ་ཁྲིད་པས་མགོ་ཁྲིད་བྱེད་རྒྱུ་ཡིན་པ་དང་། རྗེས་ཀྱི་ཟླ་ངོ་བཅོ་བརྒྱད་རིང་རིག་གནས་བྱ་བ་བྱེད་པའི་དཔོན་པོས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པའི་འགན་ཁུར་རྒྱུ་རེད། 

མཉམ་འབྲེལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་བཅུ་དགུའི་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྒྱུ་ཡིན་ཟེར། དེ་ལས་བར་བརྒལ་དམག་དོན་ཨུ་ཡོན་ལྷན་ཁང་དེ་རང་བཞིན་དུ་གཏོར་བ་མཚོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།