ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་ཉེན་རྟོག་པས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190816095301WNc7.jpg

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཡེ་ལུའུ་སཱ་ལེམ་མཁར་རྙིང་ཁུལ་ནས། དབྱི་སི་རལ་གྱི་བདེ་འཇགས་མི་སྣས་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་བྱ་བ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་གཉིས་ཀྱིས་ཉིན་དེའི་དགོང་མོར་ཡེ་ལུའུ་སཱ་ལེམ་མཁར་རྙིང་ནས་དབྱི་སི་རལ་གྱི་ཉེན་རྟོག་པ་ཞིག་ལ་གྲིས་བརྒྱབ་རྗེས། ཉེན་རྟོག་པས་མེ་མདས་བརྒྱབ་ནས་བསད་པ་རེད་ཟེར། 

དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དོན་རྐྱེན་དེ་ཡེ་ལུའུ་སཱ་ལེམ་མཁར་རྙིང་གི་ལྷ་ཁང་རི་བོའི་སྒོ་ནས་བྱུང་བ་དང་། ཕཱ་ལེ་སི་ཐན་གྱི་མི་གཉིས་ཀྱིས་དབྱི་སི་རལ་གྱི་ཉེན་རྟོག་པར་འཇབ་རྒོལ་བྱས་ཏེ་ཉེན་རྟོག་པ་གཅིག་ལ་གྲིས་བརྒྱབ་རྗེས། ཡུལ་དེ་ནས་ཉེན་རྟོག་པས་མེ་མདས་བརྒྱབ་ནས་མི་གཅིག་བསད་པ་དང་། མི་གཞན་པ་དེར་རྨས་ལྗིད་མོ་ཕོག་ཡོད་ལ། སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། རྨས་ཕོག་པའི་ཉེན་རྟོག་པ་དེ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཉེན་རྟོག་པས་བལྟས་ན་དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་ཡིན་པར་བསམ་ཡོད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།