ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གྱིས་མཁའ་སྲུང་དམག་དཔུང་གི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཤར་ཕྱོགས་དམག་ཁུལ་གསར་འགྱུར་ཁྲུའུ་ཡིས་ཚེས་བཅུ་བཞིའི་ཉིན་སྤྱི་སྒྲོག་སྤེལ་ཏེ། དམག་ཁུལ་དེར་གཏོགས་པའི་མཁའ་སྲུང་དམག་དཔུང་གིས་ཚེས་བཅུ་བཞི་ཉིན་ནས་བཟུང་མཁའ་སྲུང་དང་འབྲེལ་བའི་དམག་དོན་སྦྱོང་བརྡར་སྤེལ་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཧཱ་པཱ་ལོ་ཧྥུའུ་སི་ཁིའི་མཐའ་མཚམས་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་མཁའ་སྲུང་དམག་མི་སྟོང་གཉིས་ཙམ་གྱིས་ཚེས་བཅུ་བཞིའི་ཉིན་འཐབ་འཁྲུག་ཉེན་བརྡ་བཏང་སྟེ་འཐབ་འཛིང་གྲ་སྒྲིག་བྱེད་མགོ་བརྩམས། མཁའ་སྲུང་དམག་མི་དེ་དག་གིས་རྒྱང་འཕེན་སྒྲིག་ཆས་བཟུང་ནས་པུའུ་ལི་ཡཱ་ཐི་སྤྱི་མཐུན་རྒྱལ་ཁབ་ཏུ་ཡོད་པའི་མདའ་འཕེན་ར་བར་སོང་ནས། ཟླ་དགུ་བའི་ཟླ་སྟོད་དུ་གནས་དེར་གློག་རྡུལ་གཏོང་འཕེན་ལས་འགན་ཐེངས་བརྒྱ་ཙམ་ལག་བསྟར་བྱེད་རྒྱུ་རེད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བསྡོམས་པས་མཚོན་ཆ་དང་སྒྲིག་ཆས་བརྒྱ་དང་ལྔ་བཅུ་ལྷག་བེད་སྤྱོད་བྱས་པ་དང་། S-400དངS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་དང་འཕེན་ཐག་ཉེ་བའི་མཁའ་སྲུང་མཚོན་ཆའི་མ་ལག་སོགས་འདུས། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཟླ་དགུ་བའི་ཟླ་སྟོད་བར་རྒྱུན་བསྲིང་རྒྱུ་རེད། དམག་དོན་སྦྱོང་བརྡར་སྐབས་སུ་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་འཐབ་རའི་བཀོད་སྒྲིག་དང་ལད་བཟོ། གཏོར་བརླག་སྔོན་འགོག འཐབ་འཁྲུག་རེས་སྐོར་སོགས་ལས་འགན་ལ་སྦྱོང་བརྡར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།