ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མེ་ནེ་དབྱེ་ཡིས་ཧུའུ་སེ་དྲག་ཆས་པའི་འཐུས་མིར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་ས་ཏི་ཧེ་ལན་ནས་ཧུའུ་སེ་དྲག་ཆས་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་ཏེ། མུ་མཐུད་དུ་ཡེ་མིན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་དེར་ཆབ་སྲིད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཞོར་དུ་ཡེ་མིན་ནང་ཁུལ་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་པ་ལྟར་ན། དེ་ནི་དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཐོག་དང་པོར་ཧཱ་མེ་ནེ་དབྱེ་ཡིས་ཧུའུ་སེ་དྲག་ཆས་པའི་མཐོ་རིམ་མགོ་ཁྲིད་ལ་ཐུག་འཕྲད་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། 

དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པའི་འཐུས་ཚབ་ཚོགས་པ་ཉིན་འགའི་སྔོན་ཏི་ཧེ་ལན་དུ་བསླེབས་པ་དང་། མགོ་ཁྲིད་པ་ཧུའུ་སེ་ཡིས་བྲིས་པའི་འཕྲིན་ཡིག་ཅིག་ཧཱ་མེ་ནེ་དབྱེ་ལ་སྤྲད་ཡོད་ལ། གནས་སྐབས་སུ་འཕྲིན་ཡིག་དེའི་ནང་དོན་གསལ་བོར་མི་ཤེས་ཟེར། 

དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཧཱ་མེ་ནེ་དབྱེ་ཡིས་ཧུའུ་སེ་དྲག་ཆས་པའི་དཔོན་པོ་སཱ་ལཱ་མུའུ་ལ་ཐུག་འཕྲད་བྱེད་པའི་གསར་འགྱུར་བསྒྲགས། ཧཱ་མེ་ནེ་དབྱེ་ཡིས་ཧུའུ་སེ་དྲག་ཆས་པར་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱིས་ཡེ་མིན་ཁ་བྲལ་དུ་གཏོང་རྩིས་བྱེད་པའི་གཡོ་ཇུས་ལ་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཡེ་མིན་གྱི་ཆོས་ལུགས་ཕྱོགས་ཁག་སོ་སོ་དང་རིགས་རྒྱུད་ཚོ་ཁག་གིས་རྒྱལ་ནང་དུ་གྲོས་མོལ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཧུའུ་སེ་དྲག་ཆས་ནི་ཧྲི་ཡེ་ཕྱོགས་ཁག་ཏུ་གཏོགས་པ་དང་། ཉིས་སྟོང་བཅུ་བཞིའི་ལོར་རྒྱལ་ས་སཱ་ནཱ་འཕྲོག་ནས། ཙུང་ཐུང་ཧཱ་ཏིས་སོ་ཏི་ཨ་རབ་ཏུ་ཉེན་ཡོལ་བྱེད་དུ་མི་འབྲོ་ཐབས་མེད་བྱུང་། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཀྱིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར་ཧུའུ་སེ་དྲག་ཆས་པར་དམིགས་པའི་ཚབ་མིང་ལ་དྲག་རླུང་ཡ་མེད་ཅེས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་དང་། དམག་དོན་འཁྲུག་རྩོད་དེ་ད་ལྟའི་བར་རྒྱུན་བསྲིངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།