དབྱི་སི་རལ་གྱི་དམག་དཔུང་གིས་རྒྱལ་མཚམས་བརྒལ་རྩིས་བྱེད་པའི་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣ་བཞི་བསད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་བཤད་རྒྱུར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཉིན་དེའི་ཞོགས་པར་རྒྱལ་མཚམས་བརྒལ་རྩིས་བྱེད་པའི་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣ་བཞི་བསད་ཟེར། 

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་གསར་འགྱུར་མགྲིན་ཚབ་པ་ཁུང་ལི་ཁུའུ་སི་ཡིས་ཚེས་བཅུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་ཞོགས་པར་དབྱི་སི་རལ་དང་ཅཱ་ཧྲའི་འབྲེལ་མཚམས་ས་ཁུ་གྱི་བརྙན་མིག་ལས་མངོན་པ་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣ་བཞི་དབྱི་སི་རལ་གྱི་མངའ་ཁོངས་སུ་ཡོང་རྩིས་བྱས་པ་དང་། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཁོ་ཚོ་བསད་པ་རེད་ཟེར། ཁོས་བཤད་རྒྱུར། མི་དེ་བཞི་ཡིས་མེ་མདའ་དང་མེ་ཤུགས་འཕུར་མདའི་གཏོང་འཕེན་ཆས། སྨན་རྫས། བཟའ་བཏུང་སོགས་ཁུར་ཡོད་ཟེར། 

ཁུང་ལི་ཁུའུ་སི་ཡིས་བཤད་རྒྱུར། དྲག་ཆས་མི་སྣ་བཞི་བོའི་ཐོབ་ཐང་གསལ་བོར་མི་ཤེས་ཀྱང་། ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་དོན་དེར་འགན་ཁུར་དགོས་ཟེར། 

དེ་ནི་དབྱི་སི་རལ་དང་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་མཚམས་སུ་ཟླ་འདིར་བྱུང་བའི་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཐེངས་གཉིས་པ་རེད། ཟླ་བརྒྱད་པའི་ཚེས་གཅིག་ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ས་ཁུལ་དེ་ནས་རྒྱལ་མཚམས་བརྒལ་རྩིས་བྱས་ཏེ་དབྱི་སི་རལ་གྱི་དམག་དཔུང་ལ་འཇབ་རྒོལ་བྱས་པའི་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣ་གཅིག་བསད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།