ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་གིས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་སྲིད་འགྱུར་བསླངས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་བཅུ་ཉིན་གནས་སྐབས་ཀྱི་རྒྱལ་ས་ཡཱ་ཏེན་གྱི་ཙུང་ཐུང་བཞུགས་ཤག་བཙན་བཟུང་བྱས། ཡེ་མིན་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་སྲིད་འགྱུར་བསླངས་པར་སྐྱོན་འཛུགས་བྱས་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་བཤད་པ་ལྟར་ན། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་ཀྱིས་ཚེས་བཅུའི་ཉིན་ཡེ་མིན་སྲིད་གཞུང་གི་ཡཱ་ཏེན་དུ་ཡོད་པའི་དམག་དོན་རྟེན་གཞི་མང་བོ་འཕྲོག་ལེན་བྱས་པ་དང་། དེའི་རྗེས་སུ་ཙུང་ཐུང་བཞུགས་ཤག་བཙན་བཟུང་བྱས། ཡེ་མིན་སྲིད་གཞུང་གིས་ནང་སྲིད་པུའུ་ཀྲང་དང་བཅས་པའི་མཐོ་རིམ་དཔོན་པོ་མང་བོ་གནམ་གྲུར་བསྡད་དེ་ཡཱ་ཏེན་དང་ཁ་བྲལ་ནས། སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་རུ་སོང་ནས་ཉེན་ཡོལ་བྱེད་དགོས་བྱུང་ཟེར། 

ཡེ་མིན་སྲིད་གཞུང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་ཡཱ་ཏེན་གྱི་འགུལ་སྐྱོད་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་པའི་ཡེ་མིན་ཁྲིམས་མཐུན་སྲིད་གཞུང་ལ་སྲིད་འགྱུར་བསླངས་པ་རེད་ཟེར། གསལ་སྒྲོག་ལས་ད་རུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་དཔལ་འབྱོར་དང་དམག་དོན་གྱི་རྒྱབ་སྐྱོར་གང་རུང་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཡེ་མིན་སྲིད་གཞུང་གིས་གསལ་སྒྲོག་སྤེལ་རྗེས། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡཱ་ཏེན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་ནས་བཟུང་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་། ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་བཙན་བཟུང་བྱས་པའི་ས་ཁོངས་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། 

ཉིན་དེའི་ཞོགས་པར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཡཱ་ཏེན་གྱིས་བསྟུད་མར་ཉིན་འགའི་རིང་གི་དྲག་ཆས་འཁྲུག་རྩོད་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།