ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་པན་ཅཱ་ཞིའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུའི་ཉིན་ལི་པུ་ཡཱའི་གནས་བབ་ཀྱི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཉིན་དེར་ལི་པུ་ཡཱའི་ཤར་ཕྱོགས་ཀྱི་པན་ཅཱ་ཞི་གྲོང་ཁྱེར་ནས་བྱུང་བའི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་འདོད་མེད་པ་ནན་བཤད་བྱས། 

པན་ཅཱ་ཞི་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་ལས་བྱེད་མི་སྣ་གསུམ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་འདུས་པའི་མི་མང་བོར་རྨས་ཕོག འཇབ་རྒོལ་དོན་རྐྱེན་བྱུང་བའི་རྗེས་སུ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལི་པུ་ཡཱའི་གནས་བབ་ཀྱི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཕོ་ལན་གྱི་འཐུས་མི་བོ་ནེ་ཁཱ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཚབ་བྱས་ཏེ་གནོད་ཐེབས་མཁན་གྱི་ཁྱིམ་མིར་སྙིང་ཐག་པ་ནས་འཚམས་འདྲི་བྱས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་གྲོས་ཚོགས་ལ་ཞུགས་པའི་འཐུས་མི་ཚོས་རྐྱེན་ལམ་དུ་ཤོར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣར་མྱ་ངན་ཞུས། 

གྲོས་ཚོགས་མ་བསྡུས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཁའེ་ཐཱ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བསྟན་དོན། འཇབ་རྒོལ་དོན་རྐྱེན་དེ་པན་ཅཱ་ཞིའི་མང་ཚོགས་ཀྱིས་དམར་མཆོད་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བར་གྲ་སྒྲིག་བྱེད་པའི་སྐབས་སུ་བྱུང་བ་དང་། འཇིགས་སྐུལ་རིང་ལུགས་ཀྱིས་ལི་པུ་ཡཱའི་མངའ་ཁོངས་ཀྱི་རྒྱུན་མཐུད་འཇིགས་ཉེན་བཟོ་བཞིན་པ་མཚོན་ཡོད་པར་མ་ཟད། ལི་པུ་ཡཱ་རུ་གཅིག་གྱུར་སྲིད་གཞུང་དང་དམག་དཔུང་། ཉེན་རྟོག་པ་བཅས་མེད་པའི་གནས་ཚུལ་འོག རྒྱལ་ཡོངས་ཁྱབ་ཁོངས་སུ་བདེ་འཇགས་འགན་སྲུང་བྱ་བ་ལག་བསྟར་བྱེད་པའི་དཀའ་ཁག་དང་ཚད་བཀག་རང་བཞིན་མཚོན་ཡོད་ཟེར། ཁའེ་ཐཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་འདོད་མེད་པ་ནན་བཤད་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།