ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལེ་ཞི་ཡཱའི་དཔོན་རིགས་ཀྱིས་བརྒྱུད་གཅིག་ལམ་གཅིག་དང་འབྲེལ་བའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་བཅུ་དགུ་ལོའི་མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་བརྒྱུད་གཅིག་ལམ་གཅིག་དཔལ་འབྱོར་མཉམ་ལས་གླེང་སྟེགས་དེ་ཚེས་བརྒྱད་ཉིན་ཅི་ལུང་ཕའོ་ནས་སྤེལ། མཱ་ལེ་ཞི་ཡཱའི་དཔོན་རིགས་ཀྱིས་ཚོགས་ཐོག་ནས་བསྟན་དོན། མཱ་ལེ་ཞི་ཡཱ་ཡིས་མུ་མཐུད་དུ་ཀྲུང་གོའི་ཕྱོགས་བར་གྱི་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཐད་ཀྱི་འབྲེལ་ཡོད་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

མཱ་ལེ་ཞི་ཡཱའི་ནོར་སྲིད་བློན་ཆེན་ལིན་ཀོན་དབྱིན་གྱིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། མཱ་ལེ་ཞི་ཡཱ་ནི་བརྒྱུད་གཅིག་ལམ་གཅིག་འདོད་བློའི་ཁེ་ཕན་ཐོབ་མཁན་ཡིན་པ་དང་། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་གྱིས་ཨེ་ཤ་ཡཱའི་རྒྱུན་མཐུན་འཕེལ་རྒྱས་ལ་ཡར་སྐུལ་བཏང་སྟེ། ས་ཁུལ་དེ་མཐུན་སྒྲིལ་དམ་པོ་བྱས་ནས་མཉམ་རྒྱལ་མཉམ་ཕན་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

ཁོས་བཤད་རྒྱུར། ཐེངས་འདིའི་མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་བརྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཀྱི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་ཤུགས་སྣོན་པའི་ཆེད་ཡིན། མཱ་ལེ་ཞི་ཡཱ་རུ་ཡོང་བའི་ཀྲུང་གོའི་གནས་སྐོར་བ་མུ་མཐུད་དུ་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་ནི་མཱ་ལེ་ཞི་ཡཱའི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་ཡིན་ཟེར། 

ལིན་ཀོན་དབྱིན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་མཱ་ལེ་ཞི་ཡཱ་རུ་ཡོང་ནས་དངུལ་གཏོང་བྱེད་པའི་ཀྲུང་གོའི་ཁེ་ལས་ལ་ཞབས་འདེགས་ཞུ་ཆེད། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་དམིགས་བསལ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། ཀྲུང་གོའི་ཁེ་ལས་ཀྱིས་མཱ་ལེ་ཞི་ཡཱ་ནས་དངུལ་གཏོང་བྱེད་པར་སྔར་ལས་ཕན་ནུས་ལྡན་པར་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

ཐེངས་འདིའི་གླེང་སྟེགས་ལ་ཀྲུང་གོ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་སྲིད་ཚོང་ལས་རིགས་ཀྱི་འཐུས་མི་བརྒྱ་ཕྲག་འགའ་ཞུགས་ཡོད། གླེང་སྟེགས་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པ་སོགས་ཀྱིས་དངུལ་གཏོང་དང་ཞིང་ལས། རིག་གནས། གནས་སྐོར། གློག་རྡུལ་ཚོང་དོན། ཚན་རྩལ་སོགས་ཁྱབ་ཁོངས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་མདུན་ལྗོངས་དང་ལོ་རྒྱུས་ཀྱི་གོ་སྐབས་གསར་བར་གྲོས་བསྡུར་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།