ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱིས་ཚེས་བརྒྱད་ཉིན་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེས་ཆེས་མ་མཐའི་ཚད་ཐིག་ལ་གནོད་པ་བཏང་ཡོད་ཟེར། 

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཚེས་བརྒྱད་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་བྱེད་ཐབས་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གསུམ་གསུམ་བཞི་དང་འགལ་ཡོད་པས། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

ལུའུ་ཏའེ་ནཱ་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཕྱི་འབྲེལ་བློན་ཆེན་མཱ་ལེ་ཅི་ལ་བཀའ་བགོས་ནས་དབྱི་སི་རལ་གྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་སྤྲོད་པའི་ཞུ་གཏུག་ཡིག་ཆའི་ནང་འཇོག་ཏུ་བཅུག་ཡོད་ཟེར། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བརྒྱད་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་བྱེད་ས་ནས་སྡོད་ཁང་དྲུག་བརྒྱ་དང་ལྔ་བཅུ་གསར་འཛུགས་བྱེད་པའི་རྨང་འདིང་མཛད་སྒོར་ཞུགས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མཛད་སྒོའི་སྟེང་ས་ཁུལ་དེར་སྔར་ལས་མང་བའི་སྡོད་ཁང་གསར་འཛུགས་བྱེད་རྒྱུ་ཡིན་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གང་རུང་རྩིས་མེད་དུ་གཏོང་མི་སྲིད་པ་དང་། མ་འོངས་པའི་ལོ་འགའི་ནང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་མཁན་ལ་སྡོད་ཁང་སྟོང་བརྒྱད་ཙམ་གསར་དུ་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།