ཨུ་རུ་སིའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་བྲག་རོང་དུ་ལྷུང་ནས་མི་ཞེ་བཞིར་རྨས་ཕོག་པ་དང་མི་གསུམ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས7ཉིན་གྱི་ནམ་གུང་ཨུ་རུ་སིའི་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་དུ། མའོ་སི་ཁིའི་ཉེ་འདབས་ས་ཁུལ་དང་ཝུའུ་ཏི་མུའུ་ཨར་སྤྱི་མཐུན་རྒྱལ་ཁབ་ནས་ཡོང་བའི་གནས་སྐོར་བ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གནས་སྐོར་མཇུག་སྒྲིལ་ནས་ཕྱིར་ཨ་ནཱ་ཕཱ་གྲོང་ཁྱེར་དུ་ལོག་པའི་ལམ་བར་ནས་རླངས་འཁོར་ཆུང་བ་ཞིག་དང་ཐོ་བརྒྱབ་རྗེས་བྲག་རོང་དུ་ལྷུང་བ་དང་། དོན་རྐྱེན་དེ་ལས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་བཞིར་རྨས་ཕོག་ཡོད་ཟེར། 

ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཁུང་ཏི་ལཱ་ཅི་ཡེ་ཧྥུའུ་ཡིས་བསྟན་དོན། དོན་རྐྱེན་བྱུང་རྗེས་མི་སྣ་རྩ་འཛུགས་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། མྱུར་སྐྱོབ་རླངས་འཁོར་སུམ་ཅུ་ལྷག་དོན་རྐྱེན་བྱུང་སར་མངག་ཡོད་ཟེར། ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། མི་ཞེ་བཞི་ཚང་མ་ཞིན་ལོ་ཞི་སི་ཁི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། དེའི་ནང་བྱིས་པ་བཅུ་གཉིས་འདུས། རྨས་མ་བཅུ་གསུམ་ལ་མྱུར་དུ་གཤགས་བཅོས་བྱས། རླངས་འཁོར་ཆུང་བའི་ཁ་ལོ་བ་དང་རླངས་འཁོར་སྟེང་གི་འགྲུལ་བ་གཉིས་བཅས་མི་གསུམ་རྐྱེན་ལམ་དུ་ཤོར། ཁོ་ཚོ་ནི་ལོ་བཞི་བཅུ་ཅན་གྱི་བུད་མེད་ཅིག་དང་། ལོ་དགུ་ཅན་གྱི་བུ་མོ་ཆུང་ཆུང་ཞིག ལོ་བཅུ་བདུན་ཅན་གྱི་ན་གཞོན་ཞིག་བཅས་རེད།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།