ཀྲུང་གོ་བོད་ཀྱི་དྲ་བ།

དམག་དོན་ཚོད་འཛིན་དང་ཁྱབ་འགྱེད་སྔོན་འགོག་གནད་དོན་སྐོར་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན།  ཚེས6ཉིན་ཕྱི་འབྲེལ་པུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ཤིང་། ཕྱི་འབྲེལ་པུའི་དམག་དོན་ཚོད་འཛིན་སིའི་སི་ཀྲང་ཕུའུ་ཚུང་གིས་ཨ་རི་ཕྱོགས《ཨ་རི་དང་སུའུ་ལེན་རྒྱལ་ཁབ་གཉིས་ཀྱི་འབྲིང་འཕེན་དང་འབྲིང་ཐུང་འཕེན་གཏོང་འཕུར་མདའ་མེད་པར་བཟོ་བའི་ཆིངས་ཡིག》ནས་ཕྱིར་འཐེན་བྱས་པ་དང་། ཉིང་རྡུལ་མཚོན་ཆ་ཉུང་དུ་གཏོང་བ་སོགས་ཀྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་འདྲི་བར་ལན་ཡང་བཏབ་པ་རེད།

ཕུའུ་ཚུང་གིས། ཨ་རི《ཨ་སུའུ་རྒྱལ་ཁབ་གཉིས་ཀྱི་འབྲིང་འཕེན་དང་འབྲིང་ཐུང་འཕེན་གཏོང་འཕུར་མདའ་མེད་པར་བཟོ་བའི་ཆིངས་ཡིག》ནས་དངོས་སུ་ཕྱིར་འཐེན་བྱས་པར་ཀྲུང་གོ་ཕྱོགས་བློ་ཕམ་ཆེན་པོ་བྱུང་། ཨ་རིའི་ཕྱོགས་རྐྱང་རིང་ལུགས་ཀྱི་བྱ་སྤྱོད་དེས་གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་དང་། ཡོ་རོབ་དང་ཨེ་ཤེ་ཡ་དང་ཞི་ བདེ་རྒྱ་མཚོ་ཁུལ་གྱི་ཞི་བདེ་བདེ་འཇགས། རྒྱལ་སྤྱིའི་དམག་དོན་ཚོད་འཛིན་མ་ལག་བཅས་ལ་གཡོལ་ཐབས་བྲལ་བའི་ཤུགས་རྐྱེན་ངན་པ་ཐོན་སྲིད་ཅེས་བརྗོད་པ་རེད།

ཕུའུ་ཚུང་གིས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་སྐམ་སའི་ཐོག་གི་འབྲིང་འཕེན་འཕུར་མདའ་ཚོད་ལྟ་དང་བཀོད་སྒྲིག་བྱས་པའི་འཆར་གཞི་ཡོངས་བསྒྲགས་བྱས་པ་དང་། ལྷག་པར་དུ་ཨ་རི་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་འགའ་ཤས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་འབྲིང་འཕེན་འཕུར་མདའ་བཀོད་སྒྲིག་མགྱོགས་པོ་བྱ་རྒྱུ་ཡིན་ཟེར་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་རང་གཅུན་མཐའ་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། གལ་སྲིད་ཨ་རི་ཕྱོགས་ཀྱིས་ས་ཁུལ་དེ་གར་སྐམ་སའི་ཐོག་གི་འབྲིང་འཕེན་འཕུར་མདའ་བཀོད་སྒྲིག་བྱས་ན་ཀྲུང་གོ་ཕྱོགས་ཀྱིས་མཐོང་བཞིན་དུ་ཁ་ཡ་མ་བྱས་པར་མི་སྡོད་པར་དེར་ངོ་རྒོལ་བྱེད་པའི་བྱེད་ཐབས་མ་སྤེལ་ཀ་མེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་དེའི་ནང་གི་རྒྱལ་ཁབ་ཁག་གིས་ཨ་རིས་དེའི་མངའ་ཁོངས་སུ་སྐམ་སའི་ཐོག་གི་འབྲིང་འཕེན་འཕུར་མདའ་བཀོད་སྒྲིག་བྱེད་དུ་འཇུག་རྒྱུ་མེད། གང་ལགས་ཤེ་ན། བྱེད་ཐབས་དེས་རྒྱལ་ཁབ་དེ་དག་གི་བདེ་འཇགས་ཀྱི་ཁེ་ཕན་ལ་ཕན་ཐོགས་གང་ཡང་མེད་པས་རེད་ཅེས་འབོད་སྐུལ་བྱས་ཡོད་ཅེས་བརྗོད་པ་རེད

ཕུའུ་ཚུང་གིས། ཀྲུང་གོ་ཕྱོགས་ཀྲུང་གོ་དང་། ཨ་རི། ཨུ་རུ་སུ་བཅས་ཕྱོགས་གསུམ་གྱི་ཉིང་རྡུལ་མཚོན་ཆ་ཉུང་དུ་གཏོང་བའི་གྲོས་མོལ་ལ་ཞུགས་འདོད་མེད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་དང་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱས་ནས་ཉིང་རྡུལ་མཚོན་ཆ་ཐོག་མར་མི་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡིན། འདས་ཟིན་པའི་ལོ་བཅུ་གྲངས་ནང་ཀྲུང་གོ་ཕྱོགས་ཀྱིས་ཉིང་རྡུལ་སྟོབས་ཤུགས་འཕེལ་རྒྱས་གཏོང་བར་ཚོད་འཛིན་ཆེན་པོ་བྱས་ཡོད། ཀྲུང་གོ་དང་། ཨ་རི། ཨུ་རུ་སུ་བཅས་དབར་གྱི་ཉིང་རྡུལ་མཚོན་ཆའི་གྲངས་འབོར་ཐད་ཧེ་བག་ཆེན་པོ་འཛོལ་བར་བསམ་གཞིག་བྱས་ཏེ་ད་ལྟའི་དུས་མཚམས་སུ་ཀྲུང་གོ་ཕྱོགས་ཉིང་རྡུལ་མཚོན་ཆ་ཉུང་དུ་གཏོང་བའི་གྲོས་མོལ་ལ་ཞུགས་རྒྱུའི་རེ་བ་བཏོན་པ་དེ་ནི་ལུགས་དང་མི་མཐུན་ལ་དྲང་གཞག་མིན་པ་ཞིག་རེད། འཛམ་གླིང་ཐོག་ཉིང་རྡུལ་མཚོན་ཆའི་མཛོད་ཆེ་ཤོས་ལྡན་པའི་རྒྱལ་ཁབ་ཡིན་པའི་ཨ་རི་དང་ཨུ་རུ་སུར་ཉིང་རྡུལ་་མཚོན་ཆ་ཉུང་དུ་གཏོང་བའི་གྲོས་མོལ་ཐད་དམིགས་བསལ་གྱི་འགན་འཁྲི་དང་འགན་འཁྲི་ཨང་དང་པོ་ཡོད་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་རེད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངོས་འཛིན་བྱས་དོན། ཨ་རི་དང་ཨུ་རུ་སུས་ངེས་པར་དུ་ད་ཡོད་ཀྱི་དམག་དོན་ཚོད་འཛིན་ཆིངས་ཡིག་ལ་བརྩི་སྲུང་ཞུ་དགོས་པ་མ་ཟད། དེའི་རྨང་གཞིའི་ཐོག་ཉིང་རྡུལ་མཚོན་ཆའི་གྲངས་འབོར་སྔར་བས་ཉུང་དུ་བཏང་ནས་རྒྱལ་ཁབ་གཞན་དག་ཉིང་རྡུལ་མཚོན་ཆ་ཉུང་དུ་གཏོང་བའི་འཕེལ་རིམ་ལ་ཞུགས་རྒྱུར་ཆ་རྐྱེན་གཏོད་དགོས་ཞེས་བརྗོད་པ་རེད

ཕུའུ་ཚུང་གིས། ཨ་རི་ཕྱོགས《ཨ་སུའུ་རྒྱལ་ཁབ་གཉིས་ཀྱི་འབྲིང་འཕེན་དང་འབྲིང་ཐུང་འཕེན་གཏོང་འཕུར་མདའ་མེད་པར་བཟོ་བའི་ཆིངས་ཡིག》ནས་ཕྱིར་འཐེན་བྱས་པ་དེ་དབྱི་རན་གྱི་ཉིང་རྡུལ་གྲོས་མཐུན་ནས་ཕྱིར་འཐེན་བྱས་པ་དང་འདྲ་བར་རྩ་བའི་ཐོག་ནས་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་མ་ལག་གི་རྨང་གཞིར་གཡོ་འགུལ་ཐེབས་པ་དང་དེ་ནི་ཉེན་ཁ་ཤིན་ཏུ་ཆེ་བའི་བྱེད་སྟངས་ཤིག་རེད། གལ་སྲིད་ཨ་རིས་ཀྲུང་གོའི“སྒོ་འགྲམ”དུ་འཕུར་མདའ་བཀོད་སྒྲིག་བྱས་ན་ཀྲུང་གོས་དེར་ངོ་རྒོལ་བྱེད་པའི་བྱེད་ཐབས་མ་སྤེལ་ཀ་མེད་ཡིན། གནད་དོན་དེར་མི་སུ་འདྲ་ཞིག་གིས་སྟོང་བསམ་འཆང་མི་རུང་ཞེས་བརྗོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།