ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པར་ཤུགས་རྐྱེན་བཟོ་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བདུན་ཉིན་ཁ་པར་བཏང་སྟེ། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱས། ཙེ་ལིན་སི་ཅི་ཡིས་ཕུའུ་ཅིན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པར་ཤུགས་རྐྱེན་བཟོ་དགོས་པའི་འབོད་སྐུལ་བཏང་། 

ཙེ་ལིན་སི་ཅི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་ཉིན་དེར་ཕུའུ་ཅིན་ལ་ཁ་པར་གཏོང་སྐབས་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པར་ཤུགས་རྐྱེན་གང་ལེགས་བཟོས་ཏེ། དམངས་ཁྲོད་དྲག་ཆས་པས་ཝུའུ་ཁི་ལན་སྲིད་གཞུང་དམག་དཔུང་གི་ཚོད་འཛིན་ས་ཁུལ་དུ་མེ་སྒྱོགས་གཏོང་འཕེན་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། དེ་རིང་ཞོགས་པར་ཨུ་རུ་སིའི་ཙུང་ཐུང་དང་མཉམ་དུ་དོན་དེའི་ཐད་ནས་ཁ་པར་གྲོས་མོལ་བྱས་པ་དང་། གནས་ཚུལ་དེ་འདྲ་འཁྲུག་རྩོད་ཕྱོགས་ཁག་གཉི་ག་ཞི་བདེ་ལ་ཁ་ཕྱོགས་པར་ཕན་ཐོགས་མི་འདུག ཁོས་དམངས་ཁྲོད་དྲག་ཆས་པར་ཤུགས་རྐྱེན་བཟོས་ཏེ་ཝུའུ་ཁི་ལན་གྱི་མི་སྣ་དམར་གསོད་བྱེད་པའི་འགུལ་སྐྱོད་མཚམས་འཇོག་པའི་རེ་བ་ཡོད་ཟེར། 

ཙེ་ལིན་སི་ཅི་ཡིས་གང་མགྱོགས་སྒོས་ཧྥ་རན་སི་དང་འཇར་མན། ཨུ་རུ་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པའི་གྲོས་མོལ་སྤེལ་ནས། ཏོན་པཱ་སིའི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། ཁོས་བཤད་རྒྱུར། ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱས་རྗེས་ཁོས་མི་འགྱངས་པར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁོས་ཕུའུ་ཅིན་དང་ཁ་པར་གཏོང་སྐབས་ད་རུང་མི་གཏའ་བརྗེ་སྤོར་གནད་དོན་གླེང་ཡོད་ཟེར། 

དེ་ལས་གཞན་ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་གྱིས་ཉིན་དེར་ཙེ་ལིན་སི་ཅི་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་ཏོན་པཱ་སི་ས་ཁུལ་གྱི་གནད་དོན་ཐད་ནས་གྲོས་མོལ་བྱས། ཕུའུ་ཅིན་གྱིས་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་ནན་མོ་བྱེད་རྒྱུ་ནན་བཤད་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།