ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་ཚེས་ལྔ་ཉིན་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

པའོ་ཨར་ནོའུ་ཀྲིག་གི་བྲེལ་མྱུར་ལས་དོན་དོ་དམ་སྡེ་ཁག་གི་འགན་ཁུར་བ་ཏན་པཱ་ཐཱ་ཡིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོ་མཁན་ནི་བུད་མེད་ཅིག་ཡིན་པ་དང་། ཁོ་མོས་ཚེས་ལྔ་ཉིན་གྱི་དགོང་མོར་ཀྲིག་དེའི་མཱ་ཧྥ་གྲོང་རྡལ་གྱི་ཐང་ཆེན་ཞིག་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག རྨས་མ་དག་མིག་སྔར་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

མཱ་ཧྥ་གྲོང་རྡལ་གྱི་དཔོན་པོ་ཞིག་གིས་བཤད་རྒྱུར། སྲིད་གཞུང་གིས་ས་དེའི་དམངས་ཁྲོད་སྟོབས་ཤུགས་སྐུལ་སློང་བྱས་ཤིང་བདེ་འཇགས་སྡེ་ཁག་ལ་རོགས་འདེགས་བྱས་ཏེ་ལྟ་རྟོག་ལ་ཤུགས་སྣོན་བྱས་ནས་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས་ཡོད་ཟེར། 

མིག་སྔའི་བར་དུ་ནེ་ཀྲི་རི་ཡཱའི་དཔོན་ཕྱོགས་ཀྱིས་འཇབ་རྒོལ་མཁན་གྱི་ཐོབ་ཐང་གསལ་བོར་བསྒྲགས་མེད་པ་དང་། རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།