ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་བརྒྱད་པའི་ཚེས་ལྔ་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། 

བསྒྲགས་པ་ལྟར་ན། ཟླ་བརྒྱད་པའི་ཚེས་ལྔ་ཉིན་གྱི་ཞོགས་པར། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་བརྒྱད་ལ་རྨས་ཕོག དོན་རྐྱེན་བྱུང་རྗེས་ཁེ་རོ་གྲོང་ཁྱེར་ལྟེ་གནས་ཀྱི་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ཁང་གི་ཉེ་འདབས་སུ། ལྡོག་བགྲོད་རླངས་འཁོར་ཞིག་གིས་རྒྱུན་ལྡན་ངང་བགྲོད་པའི་རླངས་འཁོར་གསུམ་ལ་ཐོ་བརྒྱབ་རྗེས་འགས་གཏོར་ཆེན་པོ་བྱུང་བ་རེད། ཨེ་ཅིབ་ནང་སྲིད་པུའུ་ཡིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་ལྡོག་བགྲོད་རླངས་འཁོར་དེའི་སྟེང་དུ་འགད་རྫས་མང་བོ་དྲུད་ཡོད་པ་དང་། གནས་གང་རུང་ཞིག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བར་འགྲོ་བཞིན་ཡོད་པ་རེད། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་ཁ་ཚིག་དྲག་པོས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཀྱི་འཇིགས་ཉེན་ཚབས་ཆེན་ཞིག་ཡིན་པས། ངེས་པར་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་མཁན་དང་རྩ་འཛུགས་མཁན། རོགས་སྐྱོར་མཁན། རྒྱབ་སྐྱོར་མཁན་བཅས་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་འོས་འགན་ལག་བསྟར་བྱེད་པ་དང་། ཨེ་ཅིབ་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཁག་བར་མཉམ་ལས་གང་ལེགས་བྱས་ཏེ། ཐེངས་འདིའི་འཇབ་རྒོལ་གྱི་འབྲེལ་ཡོད་འགན་ཁུར་བ་ཁྲིམས་ལ་སྦྱོར་བར་རམ་འདེགས་བྱེད་དགོས་པའི་སྐུལ་མ་བཏང་། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་ནན་གྱིས་བསྟན་དོན། དམིགས་ཡུལ་ཅི་ཞིག་ཡོད་པ་དང་གནས་གང་ནས་དུས་ནམ་ཞིག་ལ་རྒྱུ་མཚན་ཅིའི་ཕྱིར་སྤེལ་བ་ཡིན་ཡང་། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་གང་ཡིན་ཡང་ནག་ཉེས་བྱ་སྤྱོད་ཡིན་སྟབས། རྒྱུ་མཚན་གང་རུང་གིས་དེར་དག་འབུད་བྱེད་མི་རུང་། རྒྱལ་ཁབ་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས། བྱེད་ཐབས་གང་རུང་སྤྱད་དེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་འཐབ་རྩོད་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཀྱང་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།