ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ཨ་མེ་རི་ཁས་ཁུའུ་ཨར་ཏི་དྲག་ཆས་པར་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཐུར་ཁེའི་སྲིད་གཞུང་གིས་ཚེས་ལྔ་ཉིན་ཨ་མེ་རི་ཁའི་སྲིད་གཞུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཁུའུ་ཨར་ཏི་དྲག་ཆས་པའི་རུ་ཁག་དེར་དམག་དོན་རོགས་སྐྱོར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་མཉམ་ལས་འབྲེལ་བ་མཇུག་སྒྲིལ་དགོས་པའི་རེ་བ་བཏོན་པའི་ཐད་ནས་ཨ་མེ་རི་ཁས་གཞོགས་འདེགས་གང་ལེགས་བྱེད་དགོས་ཟེར། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཞིའི་ཉིན་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་ཁྱིམ་མཚེས་རྒྱལ་ཁབ་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་ངོས་སུ་ཁུའུ་ཨར་ཏི་དྲག་ཆས་པར་དམིགས་པའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་པ་དང་། ང་ཚོས་ཡང་ཡང་བཟོད་བསྲན་བྱེད་ཐབས་མེད་ཟེར། 

ཐུར་ཁེ་ཡིས་ན་ནིང་ཟླ་དང་པོར་དམག་དོན་འགུལ་སྐྱོད་སྤེལ་ཏེ་གཙོ་བོ་མི་དམངས་སྲུང་སྐྱོབ་དམག་དཔུང་ལ་ཆམ་ཕབ་བཏང་བ་རེད། ཨ་མེ་རི་ཁས་ཁུའུ་ཨར་ཏི་དྲག་ཆས་པ་དེ་སི་རི་ཡཱའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་མནའ་མཐུན་གྲོགས་པོ་ཡིན་པར་བསམ་ཡོད་ཀྱང་། ཐུར་ཁེ་ཡིས་མི་དམངས་སྲུང་སྐྱོབ་དམག་དཔུང་དེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སི་རི་ཡཱའི་ཡན་ལག་རུ་ཁག་ཡིན་པར་འདོད་པ་དང་། རྩ་འཛུགས་དེ་གཉིས་འཇིགས་སྐུལ་རྩ་འཛུགས་སུ་གཏན་འཁེལ་བྱས་ཡོད། 

ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་དཔོན་པོས་ཚེས་ལྔ་ཉིན་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་གྲོས་མོལ་བྱས་པ་དང་། མུ་མཐུད་དུ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་བདེ་འཇགས་ས་ཁུལ་འཛུགས་པར་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།