ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་དམག་ཕྱོགས་ཀྱིས་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ངོ་རྒོལ་ཕྱོགས་ཁག་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་པ་ཁས་ལེན་མ་བྱས་པར་ཐེངས་མང་བོར་འཇབ་རྒོལ་དོན་རྐྱེན་བཟོས་པའི་དབང་གིས་སི་རི་ཡཱའི་དམག་ཕྱོགས་ཀྱིས་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་ཡིན་ཟེར། 

སི་རི་ཡཱའི་དམག་ཕྱོགས་ཀྱི་གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་དབྱི་ཏི་ལེ་པུའུ་ཡི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་རྒྱུར་འཐད་པ་བྱུང་བ་ཁྱབ་སྒྲོག་བྱས་ཀྱང་། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁས་ལེན་མ་བྱས་པར། ཉེ་འཁོར་ས་ཁུལ་གྱི་མི་སེར་དཀྱུས་མར་འཇབ་རྒོལ་དོན་རྐྱེན་ཐེངས་མང་སྤེལ་ཟེར། གསལ་སྒྲོག་ལས་ད་རུང་ཐུར་ཁེ་ཡིས་དེའི་སྔོན་བཀོད་པའི་དབྱི་ཏི་ལེ་པུའུ་ས་ཁུལ་དང་འབྲེལ་བའི་གྲོས་མཐུན་ཁྲོད་ཀྱི་འོས་འགན་སྣང་མེད་དུ་བསྐྱུར་ནས། དེས་རྒྱབ་སྐྱོར་བྱེད་པའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འཇབ་རྒོལ་དོན་རྐྱེན་བཟོ་བར་ཆོག་མཆན་བཀོད་པ་རེད། 

གཞན་ཡང་སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེ་ལྔ་ཉིན་བསྒྲགས་པ་ལྟར་ན། དབྱི་ཏི་ལེ་པུའུ་ཞིང་ཆེན་ལྷོ་ཕྱོགས་དང་ཧཱ་མཱ་ཞིང་ཆེན་བྱང་ངོས་ཀྱི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིན་དེར་མི་སེར་དཀྱུས་མའི་སྡོད་ཁང་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་བྱས། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་དེར་རྒོལ་ལན་སྤྲོད་ཆེད། སྲིད་གཞུང་དམག་དཔུང་གིས་ས་ཁུལ་དེའི་ཐལ་སྤྱོད་རྩ་འཛུགས་དང་འབྲེལ་བ་ཡོད་པའི་དྲག་ཆས་རྩ་འཛུགས་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས་ཏེ། དྲག་ཆས་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་མང་བོར་གཏོར་བཤིག་བཏང་ཡོད་ཟེར། 

གཞན་ཡང་དབང་བསྡུའི་འཐབ་ཕྱོགས་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་ཀུའུ་ལཱ་ནེ་ཡིས་ཚེས་གསུམ་ཉིན་བསྟན་དོན། དབང་བསྡུའི་འཐབ་ཕྱོགས་ཀྱིས་ཐུར་ཁེ་དང་ཨུ་རུ་སི་ཡིས་གཏན་འཁེལ་བྱས་པའི་དབྱི་ཏི་ལེ་པུའུ་ཞིང་ཆེན་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་ནས་སྤྱི་ལེ་ཉི་ཤུའི་ཕྱིར་སྣུར་བྱེད་པར་ཁས་ལེན་མ་བྱས་པ་དང་། རྩ་འཛུགས་དེས་ཨ་སི་ཐཱ་ནཱའི་གྲོས་མོལ་ནས་བཀོད་པའི་གྲོས་མཐུན་གང་ཡིན་ཡང་བརྩི་སྲུང་བྱེད་མི་སྲིད་པའི་ཚུལ་བསྟན།   ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།