ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་པའོ་ལོ་ཏི་མཚོ་ཁོངས་ནས་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མཚོ་དམག་དང་མཁའ་དམག་གིས་ཉིན་དེ་ནས་བཟུང་པའོ་ལོ་ཏི་མཚོ་ཁོངས་ནས་ཉིས་སྟོང་བཅུ་དགུ་ལོའི་རྒྱ་མཚོའི་ཕིབ་ཅེས་པའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་བསྡོམས་པས་གྲུ་གཟིངས་བདུན་ཅུ་དང་དམག་དོན་གནམ་གྲུ་ང་བརྒྱད། དམག་མི་ཁྲི་གཅིག་ལྷག་བཅས་བཀོད་སྒྲིག་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེ་ཟླ་དགུ་བའི་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། ལས་འགན་ལ་ཨུ་རུ་སིའི་མཚོ་དམག་གི་གྲུ་གཟིངས་རུ་ཁག་གི་བཀོད་སྒྲིག་དང་དོ་དམ། རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་དམག་གྲབས་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་སོགས་འདུས་ཟེར། 

ན་ནིང་ཟླ་དགུ་བར་ཨུ་རུ་སི་ཡིས་ཐོག་དང་པོར་ས་དཀྱིལ་མཚོ་ཁོངས་ནས་རྒྱ་མཚོའི་ཕིབ་ཅེས་པའི་མཚོ་དམག་དང་མཁའ་དམག་གི་དམག་དོན་སྦྱོང་བརྡར་སྤེལ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།