ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། གལ་ཏེ་ཁྱིམ་མཚེས་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྲོས་མོལ་བྱེད་པའི་གྲ་སྒྲིག་བྱས་ཡོད་ན། དབྱི་ལིང་གིས་སོ་ཏི་ཨ་རབ་བར་གྲོས་མོལ་བྱེད་འདོད་ཡོད་ཟེར།
བསྒྲགས་པ་ལྟར་ན། མཚོ་ཁུགས་གནས་བབ་མུ་མཐུད་དུ་ཛ་དྲག་ཏུ་འགྲོ་བའི་སྐབས་སུ། ཀྲ་ལི་ཧྥུའུ་ཡིས་སོ་ཏི་ཨ་རབ་ལ་གྲོས་མོལ་བྱེད་འདོད་ཀྱི་རེ་འདུན་བསྟན། ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་ཁྱིམ་མཚེས་རྒྱལ་ཁབ་དག་བར་གྱི་གྲོས་མོལ་སྒོ་གླེགས་ནམ་ཡང་བརྒྱག་མི་སྲིད་ཟེར།
སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་གྱིས་ཟླ་དྲུག་པའི་ཟླ་དཀྱིལ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལངས་ཕྱོགས་བརྟན་པོ་བཟུང་ནས་དབྱི་ལིང་ལ་བཀག་སྡོམ་བྱེད་དགོས་པའི་འབོད་སྐུལ་བཏང་ཡང་། ཁོས་ཞོར་དུ་སོ་ཏི་ཨ་རབ་ཀྱིས་ས་ཁུལ་རང་དུ་འཐབ་འཁྲུག་འབྱུང་བའི་རེ་བ་མེད་ཟེར།
ཀྲ་ལི་ཧྥུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་གྲོས་མོལ་བྱེད་འདོད་ཀྱི་རེ་འདུན་བསྟན། ཁོས་བཤད་རྒྱུར། གལ་ཏེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སྲིད་ཇུས་བསྒྱུར་ན། གྲོས་མོལ་གྱི་གོ་སྐབས་གསར་བ་འབྱུང་སྲིད་ཟེར།
སྔ་ཉིན་དབྱི་ལིང་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལོ་དྲུག་ལ་མཚམས་ཆད་པའི་མཚོ་ཐོག་བདེ་འཇགས་གྲོས་མོལ་སླར་གསོ་བྱས། དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་མི་བདུན་གྱི་འཐུས་ཚབ་ཚོགས་པ་མངག་ནས་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་གྲོས་མོལ་ལ་ཞུགས་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་གོང་གི་གནས་ཚུལ་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད། །