ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་སྲིད་གཞུང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་དང་། རྒྱུ་མཚན་ནི་ཀྲ་ལི་ཧྥུའུ་ཡིས་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡི་ཚབ་ཏུ་ལས་དོན་བསྒྲུབ་པ་དེ་རེད། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ཀྲ་ལི་ཧྥུའུ་དང་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་ཧཱ་མཱེ་ནེ་དབྱེ་ཡི་ངག་ལ་ཉན་པ་དང་། དེའི་གཏན་འཇགས་ལ་གཏོར་བརླག་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པའི་ཡོ་བྱད་ལྟ་བུ་ཡིན་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་ཕྱི་འབྲེལ་ཐད་ནས་དབྱི་ལིང་ཁེར་རྐྱང་དུ་ཕུད་པ་དང་གནོན་ཤུགས་ཆེན་པོ་སྟེར་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། བཀག་སྡོམ་བྱ་ཡུལ་གྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེའི་བར་ཉོ་ཚོང་བྱེད་མི་རུང་། བཀག་སྡོམ་བྱ་ཡུལ་བར་ཉོ་ཚོང་བྱེད་པའི་ཕྱི་རྒྱལ་གྱི་དངུལ་ལོར་ལས་ཁུངས་ལའང་བཀག་སྡོམ་ཐེབས་སྲིད་ཟེར། 

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ནས་བསྟན་དོན། ཁོ་ལ་དབྱི་ལིང་མ་གཏོགས་པའི་མངའ་ཁོངས་སུ་རྒྱུ་ནོར་མེད་པ་དང་། ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ཀྱིས་ཁོ་མི་སྒེར་དང་ཁྱིམ་མིར་ཤུགས་རྐྱེན་ཐེབས་མི་སྲིད་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།