ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ས་འོག་འགད་རྫས་ཀྱི་འགས་གཏོར་ཐེབས་ཏེ་མི་སོ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ7པའི་ཚེས31ཉིན། ཨ་ཧྥུའུ་ཧན་གྱི་ཧི་ལཱ་ཐི་ཞིང་ཆེན་ནས། ས་འོག་འགད་རྫས་འགས་གཏོར་དོན་རྐྱེན་གྱི་རྨས་མ་སྐོར་ཞིག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

2.jpg

ཟླ7པའི་ཚེས31ཉིན། ཨ་ཧྥུའུ་ཧན་གྱི་ཧི་ལཱ་ཐི་ཞིང་ཆེན་ནས། ས་འོག་འགད་རྫས་འགས་གཏོར་དོན་རྐྱེན་གྱི་རྨས་མ་སྐོར་ཞིག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དཔོན་རིགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧྥ་ལཱ་ཞིང་ཆེན་ནས་ཉིན་དེའི་སྔ་དྲོར་ས་འོག་འགད་རྫས་འགས་གཏོར་བྱུང་བའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བདུན་ལ་རྨས་ཕོག་ཟེར། 

མིང་བཤད་མི་འདོད་པའི་ས་དེའི་དཔོན་པོ་ཞིག་གིས་བཤད་རྒྱུར། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ཧྥ་ལཱ་ཞིང་ཆེན་གྱི་ཨ་པུའུ་ཁི་མཱ་ས་ཁུལ་གྱི་གཞུང་ལམ་གཙོ་བོ་ཞིག་གི་སྟེང་ས་འོག་འགད་རྫས་ཀྱི་འགས་གཏོར་ཐེབས་ཏེ། བུད་མེད་དང་བྱིས་པ་འདུས་པའི་མི་སོ་བཞི་རྐྱེན་ལམ་དུ་ཤོར། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། མི་སྣ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པ་དང་། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་འགས་གཏོར་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། དཔོན་པོ་དེས་ས་འོག་འགད་རྫས་ནི་ཐཱ་ལེ་པན་གྱིས་སྦས་པ་རེད་ཟེར། 

ཐེ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་དུས་རྒྱུན་ས་འོག་འགད་རྫས་སོགས་བཀོལ་ནས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་མང་བོར་གནོད་པ་ཐེབས་སུ་འཇུག་བཞིན་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥུའུ་ཧན་རོགས་སྐྱོར་ཚོགས་པས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ད་ལོའི་ལོ་སྟོད་དུ། འཐབ་འཁྲུག་ལས་ཨ་ཧྥུའུ་ཧན་གྱི་མི་སེར་དཀྱུས་མ་སྟོང་གཅིག་དང་སུམ་བརྒྱ་རེ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཉིས་དང་བཞི་བརྒྱ་རེ་དྲུག་ལ་རྨས་ཕོག དེའི་ནང་ས་འོག་འགད་རྫས་ལས་མི་སེར་དཀྱུས་མར་ཤི་རྨས་བཟོས་པའི་ཁ་གྲངས་ནི་དྲག་ཆས་འཁྲུག་རྩོད་ལས་ཅུང་ཉུང་བ་ཙམ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།