ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་བརྒྱའི་ལས་གྲྭ”ལ་བརྟེན་ནས་ཕོ་ལན་དུ་ཀྲུང་གོའི་ཁེ་ལས་ལ་བསྔགས་བརྗོད་ཐོབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧྥུའུ་ལོ་ཚེ་ཝ་ཕུ་ཕོ་ལན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་གྲོང་ཁྱེར་བརྒྱུད་ནས་ཤང་ཤང་དུ་རྒྱུག་པའི་ཨོ་ཏེ་གཙང་པོས་གྲོང་ཁུལ་རྙིང་པ་དེ་གླིང་ཕྲན་འགའ་ཞིག་ལ་དབྱེ་ཡོད་ཀྱང་ཟམ་པ་བརྒྱ་ཙམ་གྱིས་སྦྲེལ་ཡོད་པས་ཧྥུའུ་ལོ་ཚེ་ཝ་ཕུར“ཕོ་ལན་གྱི་ཝེ་ཉི་སི”ཞེས་འབོད་སྲོལ་ཡོད།

ཕོ་ལན་གྱི་གཙང་པོ་ཆེ་གྲས་གཉིས་པ་ཨོ་ཏེ་གཙང་པོས་ཧྥུའུ་ལོ་ཚེ་ཝ་ཕུར་དམིགས་བསལ་གྱི་མཛེས་ལྗོངས་ཤིག་བསྣན་ཡོད་པ་དང་དེས་སྐབས་གར་སྡུག་བསྔལ་ཡང་བཟོ་གི་ཡོད། 1997ལོར་ཨོ་ཏེ་གཙང་པོ་ལས་གང་སར་ཆུ་སྨྱོན་གྱི་འཇིགས་པ་བྱུང་ནས་གཙང་པོ་རྒྱུག་ཁུལ་དུ་གནས་པའི་གྲོང་ཁྱེར་མང་པོར་ལོ་སྟོང་ལ་འཕྲད་མ་མྱོང་བའི་ཆུ་ལོག་ཐོན་ཡོད། ཆུའི་གནོད་འཚེ་འགོག་བཅོས་བྱ་ཆེད་ཕོ་ལན་སྲིད་གཞུང་གིས་ཨོ་ཏེ་གཙང་པོར་ནུས་ཤུགས་ཡོད་རྒུས་བཅོས་སྐྱོང་བྱས་པ་དང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་ཧྥུའུ་ལོ་ཚེ་ཝ་ཕུའི་ཆུ་ལོག་འགོག་བཅོས་ལས་གྲྭའི་གཞི་ཁྱོན་ཆེ་ཤོས་ཀྱི་དུམ་བུའི་འོས་སྐུལ་འོས་དཔོད་ཐོབ་ཡོད།

ཐེངས་ཤིག་ཨར་ལས་བྱ་ཡུལ་དུ་ས་རྒྱ་དཔངས་གྲུ་བཞི་མ་ཁྲི་འགའ་སྔོག་འདོན་བྱེད་དགོས་ཀྱང་། གཙང་པོ་དེ་རང་བྱུང་སྲུང་སྐྱོང་ཁུལ་དང་བར་ཐག་ཉེ་བར་བརྟེན་བཅའ་ཁྲིམས་ནང་སྒྲིག་ཆས་ཆེ་གྲས་སྤྱོད་མི་ཆོག་པའི་གཏན་འབེབས་བྱས་ཡོད། ཅི་ལི་ཡིས“ངས་རང་འགུལ་ངང་ལྟ་སྐུལ་དོ་དམ་ཕྱོགས་དང་དོ་བདག་བཙལ་བར་ཕྱིན་ནས། གལ་སྲིད་བཅའ་ཁྲིམས་ནང་སྒྲིག་ཆས་ཆེ་གྲས་སྤྱོད་མི་ཆོག་པའི་གཏན་འབེབས་ཡོད་ཚེ། ང་ཚོས་བཟོ་པ་མང་དུ་བཏང་ནས་ལས་དུས་འཕར་མ་བྱས་ཏེ་མི་ཐབས་ལ་བརྟེན་ནས་ས་སྔོག་འདོན་ཁས་བླངས་པའི”དམག་བཀའ་ འཁུར་ལེན་གྱི་ཁག་ཐེག་ཞུ་ཡིག་བཞག་པས་དོ་བདག་གིས་ཀྲུང་གོའི་ཁེ་ལས་ཀྱི་གཟབ་ནན་དང་ནན་ཏན་གྱི་ལས་ཀའི་རྣམ་འགྱུར་མྱོང་ཚོར་ཐུབ་ཡོད། མཐར་ས་གནས་དེའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་མོས་མཐུན་ཐོབ་པ་བརྒྱུད་གནད་དོན་དེ་བདེ་བླག་ངང་ཐག་གཅོད་ཐུབ་ཡོད།

དེ་ལྟར་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་གནད་དོན་སྣ་ཚོགས་ཟམ་མི་ཆད་པར་ཐག་གཅོད་བྱས་པ་དང་ལོ་བཞིའི་རྗེས་ལས་གྲྭ་བདེ་བླག་ངང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་སྦྲགས་ཁ་དན་ཚིག་གནས་ཀྱི་ལག་ཁྱེར་ཡང་རག་ཡོད།

ད་ཆ་ཆུའི་འཇིགས་པ་ལས་བྲལ་བའི་ཧྥུའུ་ལོ་ཚེ་ཝ་ཕུ་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ལས་གྲྭའི་སྤུས་ཚད་ལེགས་པ་དང་འགན་འཁྲི་འཁུར་སེམས་ཆེ་བར་བརྟེན་དོ་བདག་གི་ཡིད་ཆེས་ཆེན་པོ་ཐོབ་སྟེ་ཁོ་ཚོས་བསྟུད་མར་དོ་བདག་གཅིག་པའི་རྣམ་གྲངས་གཞན་གྱི་ལས་འགན་དང་དུ་བླངས་ཡོད།

ཧྥུའུ་ལོ་ཚེ་ཝ་ཕུ་དང་བར་ཐག་སྤྱི་ལེ་100དང་ཨོ་ཏེ་གཙང་པོའི་སྟོད་རྒྱུད་དུ་གནས་པའི་ཆུ་མཛོད་གཉིས་བསྐྲུན་ཡུལ་དུ་རྣམ་གྲངས་ལག་བསྟར་ཅིང་ལི་ཀྲང་ཀྲེང་གིས་ཚོགས་པའི་སྣེ་ཁྲིད་དེ་བྲེལ་འཚུབ་ངང་ལས་ལ་གཞོལ་བཞིན་ཡོད། “ཆུ་མཛོད་དེ་གཉིས་ཧྥུའུ་ལོ་ཚེ་ཝ་ཕུའི་ཆུ་ལོག་སྔོན་འགོག་ལས་གྲྭ་དང་དོ་བདག་གཅིག་པ་ཡིན་པས་ཁོ་ཚོས་ད་ཐེངས་ང་ཚོར་ཧ་ཅང་བློས་འཁེལ་པོ་བྱེད་ཀྱི་འདུག”ཅེས་བདེ་འཇགས་ཀྱི་ཞྭ་མོ་གྱོན་པ་དང་ལུས་པོ་ཡོངས་ལ་འདམ་བག་གིས་ཁེངས་པའི་ཀྲང་ཀྲེང་གིས་དགོད་འཚེར་འཚེར་ངང་བརྗོད་བྱུང་།

རྣམ་གྲངས་གསར་པ་སྐྲུན་རིང་། ཀྲང་ཀྲེང་གིས་ཐོག་མཐའ་བར་གསུམ་དུ་ལག་ཏུ་འཁྱེར་བ་ནི་ཁོར་ཡུག་སྲུང་སྐྱོང་གི་དོ་དམ་འཆར་གཞིའི་ཡི་གེ་དེ་རེད། “ད་ཆ་ང་ཚོར་ཉམས་མྱོང་ཡོད་པས་ལས་ཀ་གང་ཞིག་བྱས་ཀྱང་སྔོན་ལ་ཁོར་ཡུག་སྲུང་སྐྱོང་དོ་དམ་འཆར་གཞིའི་ཡི་གེའི་ནང་གཏན་འབེབས་གང་འདྲ་བྱས་ཡོད་མེད་ལ་ལྟ་ཡི་ཡོད”ཅེས་ཁོང་གིས་ལག་ཏུ་ཡིག་ཆ་མཐུག་པོ་ཞིག་ཁྱེར་ནས“དེ་ལྟར་བྱས་ཚེ་ཨར་ལས་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བའི་ཁར་འགལ་ཟླ་ཡང་ཉུང་དུ་འགྲོ་ཡི་འདུག”ཅེས་བརྗོད་བྱུང་།

ཧྥུའུ་ལོ་ཚེ་ཝ་ཕུའི་ཆུ་ལོག་འགོག་བཅོས་ལས་གྲྭའི་ཁྱོན་ཡོངས་ཀྱི་ལས་དོན་ལ་ཞུགས་མྱོང་བའི་ཀྲང་ཀྲེང་གིས“ལྟ་སྐུལ་དོ་དམ་ཕྱོགས་ཀྱིས་རྫིག་ཉམས་མི་སྟོན་པར་སེམས་ཆུང་བྱེད་པ་དང་འགན་གཙང་ལེན་མཁན་ཚོང་པས་རང་འགུལ་ངང་མཉམ་ལས་བྱེད་པར་བསྐྱོད་པ་དེ་དག་ཚང་མ་ང་ཚོའི་གོང་གི་རྣམ་གྲངས་ལས་བྱུང་བའི་སྙན་གྲགས་ཤིག་རེད”ཅེས་བརྗོད་བྱུང་།

“ཨོ་ཏེ་གཙང་པོའི་ཆུ་ལོག་འགོག་བཅོས་ཀྱི‘ལོ་བརྒྱའི་ལས་གྲྭ་འདུ་འགོད’ཡིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲུང་གོའི་ཁེ་ལས་ལ་བསྔགས་བརྗོད་ཐོབ་པ་མ་ཟད། དོ་བདག་གིས་ང་ཚོ་ནི‘ཡིད་ཆེས་བྱ་ཆོག་པའི་རྒྱལ་སྤྱིའི་ལས་གྲྭ་འགན་གཙང་ལེན་མཁན་ཚོང་པ’རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བ་དང་ཆབས་ཅིག ང་ཚོ་དང་ཡུན་རིང་མཉམ་ལས་བྱེད་རེ་བྱེད་ཀྱི་འདུག”ཅེས་ཀྲང་ཀྲེང་གིས་སྤོབས་པ་ཆེན་པོའི་ངང་བརྗོད་ཅིང་། ཁོང་གིས“‘རྒྱུད་གཅིག་ལམ་གཅིག’འཛུཌ་སྐྲུན་ལ་སྐུལ་མ་གཏོང་བ་དང་དུས་མཚུངས་ཀྲུང་གོ་དང་ཕོ་ལན་དང་། ཀྲུང་གོ་དང་ཡོ་རོབ་དབར་མཉམ་ལས་ཀྱི་རྣམ་གྲངས་སྔར་བས་མང་བ་ཡོང་སྲིད་ལ། ཀྲུང་གོའི་ཁེ་ལས་ཀྱིས་དེར་འགན་ནུས་དེ་བས་ཆེ་བ་འདོན་ཐུབ”ཅེས་བརྗོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།